ཨར་རྐུན་དང་འབྲེལ་བའི་ བྱ་ངན་མར་ཕབ་འབད་ཐབས་ལུ་ སི་སི་ཊི་བཱི་གི་པར་ཆས་༡༢༠ གཞི་བཙུགས་འབད་ནི་གི་འཆར་གཞི།

ཆོས་ཉིད་བཟང་མོ།

ཧེ་མ་འབད་བ་ཅིན་ ཚོང་ཁང་དང་ སྡོད་ཁྱིམ་ དེ་ལས་ ཡིག་ཚང་ཚུ་ནང་ ཨར་རྐུན་ཤོར་རུང་ བྱ་ངན་འབད་མི་ཚུ་ འཛིན་བཟུང་འབད་ཚུགས་པར་ ལཱ་ཁག་བཏང་སྟེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་ལས་བརྟེན་ཏེ་ འདི་གི་ཐབས་ལམ་ལུ་ སི་སི་ཊི་བཱི་གི་ པར་ཆས་ཚུ་བཙུགས་ཡོདཔ་ལས་ ཉེས་ལས་མར་ཕབ་འབད་ནི་དང་ དོགས་ཅན་ཚུ་འཛིན་བཟུང་འབད་ནི་ལུ་ ཕན་ཐོགས་འབྱུང་སྟེ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ ཁྲིམས་སྲུང་འགག་སྡེ་གི་ གཙོ་བོ་འཛིན་འགོ་དཔོན་གྱིས་སླབ་མི་ནང་ འབྲུག་རྒྱལ་ལྔ་པ་མཆོག་གིས་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་གཉིས་ཀྱི་ ཞི་བདེ་ལུ་དམིགས་སྟེ་ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་ཚུ་ནང་ མི་སེར་གྱི་མཐའ་དོན་དང་ སྲུང་སྐྱོབ་ལུ་དམིགས་སྟེ་ སི་སི་ཊི་བཱི་གཞི་བཙུགས་འབད་དགོ་པའི་ བཀའ་རྒྱ་བཟང་པོ་གནང་མི་ལུ་བརྟེན་ ད་ལྟོ་ཚུན་ཚོད་ཀྱི་རིང་ལུ་ ཐིམ་ཕུག་ཁྲོམ་ཀྱི་ནང་འཁོད་ལུ་ར་ སི་སི་ཊི་བཱི་གི་པར་ཆས་༢༣ བཙུགས་ཏེ་ ལག་ལེན་ཡང་ ལེགས་ཤོམ་སྦེ་འཐབ་དོ་ཡོདཔ་མ་ཚད་  ཁྲིམས་སྲུང་འགག་སྡེ་ཚུ་ལུ་འབད་རུང་ ཉེས་ལས་དང་འབྲེལ་བའི་བྱ་ངན་ ཞིབ་དཔྱད་འབད་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན་པས།

ཁྲིམས་སྲུང་གི་ཧོངས་ལས་འབད་རུང་ རང་སོའི་ཚོང་ཁང་དང་ སྡོད་ཁྱིམ་ དེ་ལས་ ཡིག་ཚང་དང་ལྷ་ཁང་ཚུ་ནང་  སི་སི་ཊི་བཱི་གི་པར་ཆས་ཚུ་ བཙུགས་དགོ་པའི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་དོ་ཡོདཔ་མ་ཚད་  འགག་སྡེ་གི་འགོ་འདྲེན་ཐོག་ལུ་ ལྷ་ཁང་དང་ཆོས་རྟེན་དག་པ་ཅིག་གི་ སྦྱིན་བདག་དང་གཅིག་ཁར་ ཁ་སླབ་སྟེ་ སི་སི་ཊི་བཱི་གི་ པར་ཆས་ཚུ་བཙུགས་འབད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ སྤྱི་ཟླ་༡༢ པའི་ནང་ལུ་ ཐིམ་ཕུག་ཁྲོམ་སྡེ་ནང་ལུ་རང་ ད་རུང་ སྤུས་ཚད་ལེགས་ཤོམ་ཡོད་པའི་ སི་སི་ཊི་བི་༡༢༠ དེ་ཅིག་ བཙུགས་ནི་ཨིནམ་ད་ འདི་གིས་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ བྱ་ངན་འབད་མི་གི་ གྱངས་ཁ་ཚུ་ ཡར་འཕར་འགྱོ་ལས་ ཁྲིམས་སྲུང་འགག་སྡེ་ཚུ་ལུ་ ཨར་རྐུན་དང་འབྲེལ་བའི་ བྱང་འབད་མི་ཚུ་ འཛིན་བཟུང་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་བཤདཔ་ཨིན་པས།

ད་རུང་ ཁོ་གི་ཁ་སྐང་བཤད་མི་ནང་ སི་སི་ཊི་བཱི་གཞི་བཙུགས་འབད་མི་ལུ་བརྟེན་ ཨར་རྐུན་རྐྱངམ་གཅིག་མེན་པར་ སྣུམ་འཁོར་དང་འབྲེལ་བའི་ ཁྲིམས་འགལ་དང་ཐུག་རྐྱེན་ཚུ་ མར་ཕབ་འབད་ནི་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་པའི་ རེ་འདོད་བསྐྱེད་དེ་ གཞི་བཙུགས་འབད་ཡོདཔ་མ་ཚད་ མི་མང་ལུ་ཡང་ རང་གི་ཁྱིམ་དང་ ཡིག་ཚང་ དེ་ལས་ ཚོང་ཁང་དང་ ཁག་ཆེ་བའི་ ས་ཁོངས་ཚུ་ནང་ ཨར་རྐུན་མི་ཤོར་ནིའི་དོན་ལུ་ ཐབས་ལམ་དང་ གོ་བ་བརྡ་སྤྲོད་འབད་ནི་གི་ ལས་རིམ་བརྩམས་ཏེ་ཡོདཔ་ལས་ འཕྲལ་མགྱོགས་འབད་རང་ ལས་རིམ་འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ ཁྲིམས་སྲུང་འགག་སྡེ་གི་ གཙོ་བོ་འཛིན་འགོ་དཔོན་ འཆི་མེད་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *