ཨམ་སྲུའི་འཕྲོད་བསྟེན་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་ལུ་ སྨན་གཡོགམོ་དགོཔ་ཁག་ཆེཝ།

ཆོས་ཉིད་བཟང་མོ།

རྒྱལ་ཁབ་ནང་ བཟའ་ཚང་འཆར་གཞིའི་ཐད་ཁར་ལྷོདཔ་ད་ འགྲོ་བ་མིའི་དབང་ཆ་ཡོདཔ་ལས་ ཧེ་མའི་ གནས་སྟངས་དང་ཕྱདཔ་ད་ ད་རེས་ ཨ་ལུ་མཐོ་ཤོས་༢ ཡང་ན་ ལ་ལུ་ཅིག་གིས་ ཨ་ལུ་༡ ལས་བཀག་ཐབས་འབད་ནི་དོན་ལུ་ ཐབས་ལམ་སྟོན་དོ་ཡོདཔ་ཨིན་པས།

མི་ཚེ་སྐྱོང་ནིའི་ཐད་ཁར་འབད་རུང་ ལེ་ཤ་གི་ཡར་དྲག་སོང་སྟེ་ཡོད་པའི་གུ་ ཨམ་སྲུ་ཆ་ཁྱབ་ཀྱིས་ རང་གི་གཟུགས་ཁམས་ སྒྲིང་སྒྲི་བཞག་ཐབས་དང་ ཨ་ལུ་ཚུ་གི་ ཤེས་ཡོན་གྱི་སྤུས་ཚད་ ལེགས་ཤོམ་བྱིན་ཐབས་ལུ་ དམིགས་པ་བསྐྱེདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་མི་རློབས་མ་དངུལ་ཡིག་ཚང་ལས་ འགན་འཛིན་འགོ་དཔོན་བདེ་ཆེན་འཆི་མེད་ཀྱིས་སླབ་མིའི་ནང་ འཛམ་གླིང་སྤྱི་ཚོགས་སྐྱེ་རྒྱུན་འཕྲོད་བསྟེན་དང་ རང་དབང་ལས་སྡེ་གི་ལཱ་འགན་འདི་ བཟའ་ཚང་འཆར་གཞིའི་ཞབས་ཏོག་ མ་འཐོབ་པར་ཡོད་མི་ཚུ་དང་ ཨ་ལུ་སྐྱེས་བའི་སྐབས་ ཨའི་ལུ་ཤི་རྐྱེན་འབྱུང་ནི་མེདཔ་བཟོ་ནི་ དེ་ལས་ ཨམ་སྲུ་དང་ བུམོ་ཚུ་ལུ་ སྡུག་རྩུབ་དང་ ཉེན་ཁ་ཅན་གྱི་གནས་སྟངས་ མེདཔ་བཟོ་ནི་ཚུ་ཨིནམ་སྦེ་བཤད་ཅི།

འདི་བཟུམ་འབད་དགོཔ་མི་དེ་ རྒྱལ་ཁབ་༡༥༠ ལྷགཔ་ཅིག་ནང་ ན་གཞོན་དང་ ཨམ་སྲུ་ སྐྱེ་རྒྱུན་འཕྲོད་བསྟེན་གྱི་ལམ་ལུགས་ གཏན་ ཏོག་ཏོ་དང་ སྐྱོན་མེདཔ་བཟོ་ནིའི་དོན་ལུ་ ཟླཝ་རེ་ནང་ ཚེ་སྲོག་ལུ་ ཉེན་ཁ་ཡོད་མི་ མངལ་ཆགས་ཡོད་མི་ ཨམ་སྲུ་ས་ཡ་༡ གིས་ ཚེ་སྲོག་སྲུང་སྐྱོབ་ཀྱི་ མཐུན་རྐྱེན་འགྲུབ་ནི་དང་ ཨམ་སྲུ་ས་ཡ་༢༠ ལུ་ དེང་སང་གི་ མངལ་ཆགས་བཀག་ཐབས་འཐོབ་པའི་ ཐབས་ལམ་ཞུན་དག་ངེས་བདེན་བཟོ་ནི་ཨིན་པས།

ཨམ་སྲུ་ལོ་ངོ་༡༨ མ་ལང་པའི་ཧེ་མ་ གཉེན་སྦྱོར་འབད་བའི་ཉེན་ཁ་ཡོད་མི་ ན་གཞོན་བུམོ་ ས་ཡ་༧༠ ལྷགཔ་ཅིག་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ ལོ་རེ་ནང་ བུམོ་ ས་ཡ་༣ ལུ་ མངལ་རྒྱུན་མཚན་མ་ལུ་ གནོད་རྐྱེན་རྐྱབ་ནི་ ལམ་ལུགས་བཀག་ཐབས་ འཁྲུག་རྩོད་དང་ རྐྱེན་ངན་ཡོད་པའི་ རྒྱལ་རྒྱལ་ཁབ་ཚུ་ནང་ ཚེ་སྲོག་སྲུང་སྐྱོབ་ཀྱི་ ཆེ་མཐོང་མཁོ་ཆས་དང་ ཨ་ལུ་སྐྱེ་ནི་ ཉེན་སྲུང་མཁོ་ཆས་ཚུ་ སྤྲོད་ནི་ཨིན་མས།

ད་རེས་ནངས་པ་ རྒྱལ་ཁབ་ནང་ གསོ་བའི་འཕྲོད་བསྟེན་ལེགས་ཤོམ་ འགྱོ་ཡོད་མི་ལུ་བརྟེན་ འཛམ་གླིང་གསོ་བའི་ཉིནམ་སྦེ་ བརྩི་སྲུང་འབད་དོ་ཟེར་ཨིན་པས།

ད་རུང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ ཌོག་ཊར་ཨོ་རྒྱན་མཚོ་མོ་གིས་སླབ་མིའི་ནང་ གསོ་བའི་ འཕྲོད་བསྟེན་ཐོག་ མི་མང་ལུ་ གོ་བ་བརྡ་སྤྲོད་འབདཝ་བཞིན་དུ་ མི་སྡེ་དཔལ་འབྱོར་ལུ་བརྟེན་ཏེ་ ཨམ་སྲུ་ཚུ་ལུ་ ནད་གཞི་དང་འབྲེལ་བའི་གནས་སྟངས་ཚུ་ མར་ཕབ་འབད་ནི་ལུ་ ཕན་ཐོགས་སྦོམ་ར་འདུག་ཟེར་ཨིན་པས།

ཨིན་རུང་ ཨམ་སྲུ་ལ་ལུ་ཅིག་གིས་ ཁོ་རའི་གཟུགས་ཁམས་ལུ་ མ་བལྟ་བར་ ངོ་ཚ་བས་ཟེར་ སྨན་བཅོས་མ་འབད་བར་ སྡོད་མི་ཡང་ ལེ་ཤ་འཐོན་དོ་ཡོདཔ་ལས་ འདི་བཟུམ་ཐོན་མི་དེ་ཡང་ སྨན་བཅོས་འབད་མི་སྨན་གཡོགཔོ་ ཕོ་སྐྱེས་ཨིན་མི་ལུ་བརྟེན་ཏེ་ཨིནམ་སྦེ་བཤད་ཅི།

ལས་རིམ་དེ་ནང་གྲལ་གཏོགས་འབད་མི་ ལྕང་རྒེད་འོག་གི་ རྒཔོ་གིས་སླབ་མིའི་ནང་ གཡུས་ཁ་ལུ་ མང་ཤོས་ར་ སྨན་གཡོགཔོ་ཕོ་སྐྱེས་ཚུ་ཡོདཔ་ལས་ ཨམ་སྲུ་ཚུ་ མངལ་ཆགས་པའི་སྐབས་དང་ ཨམ་སྲུ་བུ་ཚང་ནང་ ནད་གཞི་ཡོད་མེད་ བརྟག་དཔྱད་འབད་བར་མི་འགྱོ་བས་ཟེར་ཨིན་པས།

ཨམ་སྲུའི་མངལ་ནང་ ཨ་ལུ་མི་ཆགས་ནིའི་དོན་ལུ་ ལ་ལུ་གིས་ སྨན་ཁབ་བཙུགས་ཏེ་འབད་རུང་ གཟུགས་རྒྱགས་ཏོ་རིལ་རི་ ཐལ་མི་ལུ་བརྟེན་ སྨན་བཅོས་དང་ འཕྲོད་བསྟོན་གྱི་དོན་ལུ་ བརྟག་དཔྱད་འབད་བར་ འགྱོ་མི་བཏུབ་དོ་ཡོདཔ་ཨིན་པས།

དེ་ལུ་ ཌོག་ཊར་ཨོ་རྒྱན་མཚོ་མོ་གིས་འབད་བ་ཅིན་ ཨམ་སྲུ་ཚུ་གི་ གཟུགས་རྒྱགས་ཏོ་རིལ་རི་ཐལ་མི་འདི་ ཨམ་སྲུ་ལ་ལུ་ཅིག་ལུ་ སྨན་ཁབ་ཀྱི་མི་འཕྲོད་ནི་དང་ ལ་ལུ་ཅིག་གིས་ རང་གི་གཟུགས་ལུ་ བཞེས་སྒོ་ཁ་བསྲུང་དང་ འཕྲོད་བསྟེན་མ་འབད་མི་ལུ་བརྟེན་ འགྱོ་འོང་ཟེར་བཤད་ཅི།

རྒྱལ་ཁབ་ནང་ སྨན་གཡོགམོ་ཨམ་སྲུ་ལེ་ཤ་མེདཔ་ལས་ ཕོ་སྐྱེས་སྨན་གཡོགཔོ་ཚུ་ གཏང་དགོཔ་འཐོན་འབདཝ་ད་ དཀའ་ངལ་བྱུངམ་ཨིན་རུང་ གནད་དོན་དེ་བཟུམ་ མང་ཤོས་ར་ གཡུས་ཁ་སྡོད་མི་ཚུ་གི་ ངོ་ཚ་སྟེ་ སྨན་བཅོས་འབད་བར་ མི་འགྱོ་བས་ཟེར་ རྒཔོ་གིས་སླབ་མི་འདི་ ཤེས་ཡོན་མེད་མི་དང་ཧ་མ་གོ་མི་ལུ་བརྟེན་ འབྱུང་དོ་ཡོདཔ་ལས་ མ་འོངས་པ་ལུ་ སྨན་གཡོགམོ་ཨམ་སྲུ་གཏང་ཚུགས་པའི་ རེ་བ་སྦོམ་བསྐྱེད་དེ་ ཨམ་སྲུ་དང་ ཨ་ལུ་དང་འབྲེལ་བའི་ ནད་གཞི་མར་ཕབ་འབད་ནི་ལུ་ དམིགས་པ་བསྐྱེད་དོ་ཟེར་ཨིན་པས།

འདི་འབདཝ་ལས་ གསོ་བའི་སྲིད་བྱུས་དང་ཤེས་རིག་གི་དོན་ལུ་ མི་རློབས་དང་འབྲེལ་བའི་གནད་དོན་ཚུ་ ཧ་གོ་ཚུགསཔ་བཟོ་ཐབས་ལུ་ འཆར་གཞི་༡༢ པའི་ནང་ གནད་དོན་ཁ་གསལ་བཙུགས་ནི་ཨིནམ་ད་ སྲིད་བྱུས་བརྩམ་མི་དེ་ འཆར་གཞི་འགྲུབ་པ་ཅིན་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ གསོ་བའི་ལྷན་ཁག་ལས་ དྲུང་ཆེན་ ཌོག་ཊར་ཨོ་རྒྱན་རྡོ་ཕུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *