ཧཱ་ ས་དམར་རྒེད་འོག་ གླང་པ་དང་ ནོར་བུ་སྒང་སྤྱི་འོག་ནང་ ཞིང་ཆུའི་དཀའ་ངལ།

འཇིགས་མེད་བསྟན་འཛིན།

གནམ་བྱཱར་གྱི་དུས་ཚོད་འདི་བཟུམ་ཅིག་ཁར་ རྒྱལ་ཁབ་ཀྱི་ ས་གནས་ཁག་ལས་ཕར་ ཞིང་ཆུ་ཚུ་ དུས་མཐུན་བཟོ་སྟེ་ ནང་འཁོད་བཟའ་སྤྱོད་དང་ ཚོང་འབྲེལ་གྱི་དོན་ལུ་ སོ་ནམ་གྱི་ལཱ་ཚུ་ ཤུགས་བཏོན་ཏེ་ འབད་ས་མཐོང་རུང་ ཧཱ་རྫོང་ཁག་གི་ གླང་པ་དང་ ནོར་བུ་སྒང་སྤྱི་འོག་གི་ མི་སེར་ཚུ་གིས་ ཞིང་ཆུ་མགྱོགས་པར་སྦེ་ ཐོབ་ཚུགས་པའི་ རེ་འདོད་བསྐྱེདཔ་ཨིན་པས།

ཨིན་རུང་ ཞིང་ཆུ་ལངམ་སྦེ་མེད་ནི་དེ་གིས་ སོ་ནམ་གྱི་ལཱ་ཚུ་ འབད་མ་ཚུགས་པའི་ཁར་ འཐུང་ཆུ་དང་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ཡང་ ཐོ་ཕོག་སྟེ་ཡོདཔ་ཨིན་པས།

ད་རེས་ ཞིང་ཆུ་བཏོན་ནིའི་ལཱ་དེ་ རྒེད་འོག་གི་རྫོང་ཁག་ལུ་ སྙན་ཞུ་ཕུལཝ་བཞིན་དུ་ རྒྱལ་ཁབ་གོང་འཕེལ་ཉུང་ཤོས་མ་དངུལ་ལས་ འབུམ་༣༢༠ གནང་སྟེ་ སོ་ནམ་ལྷན་ཁག་གིས་ རིན་བསྡུར་གྱི་ཐོག་ལས་ ཁག་འབགཔ་ལུ་རྩིས་སྤྲོད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་འོག་གི་ཞིང་ཆུ་འདི་ ཀི་ལོ་མི་ཊར་༡༡ འབད་མི་ ཧེ་མའི་ཞིང་ཆུ་བཏོན་སའི་ས་གོ་ གློག་སྟོད་ཕུག་ལས་ རྐང་སྟོང་དུས་ཡུན་ཆུ་ཚོད་༡ གི་ས་གནས་ཁར་ ལོག་ངེད་རོང་ཆུ་ལས་ བཏོན་ནི་ཨིནམ་བཞིན་དུ་ ཆུའི་རྐ་གུ་ ཆུ་མཛོད་ཁང་དང་ མཁོ་ཆས་ཀྱི་རིགས་སྐྱེལ་འདྲེན་གྱི་དོན་ལུ་ འཁོར་ལམ་ཀི་ལོ་མི་ཊར་༥ སེལ་ཚར་ཡོདཔ་མ་ཚད་ ཅ་ཆས་ཀྱི་རིགས་ བརྒྱ་ཆ་༣༥ སྐྱེལ་འདྲེན་འབད་ཚར་ཡོདཔ་ཨིན་པས།

ཞིང་ཆུ་བཏོན་ཚར་བའི་བསྒང་ལས་ སྤྱི་འོག་གི་ཁྱིམ་གུང་པ་༦༦ དང་ ལྷན་ཁག་གི་བཟོ་ཡོད་པའི་ སོ་ནམ་མཉམ་ལས་ཚོགས་པ་དང་ རྫས་སྦྱོར་མིན་པའི་ ཚོད་བསྲེ་འཛུགས་སྐྱོང་སྡེ་ཚན་ལུ་ ཕན་ཐོགས་འབྱུང་ནི་མ་ཚད་ ཞིང་ཆུ་འདི་ སོ་ནམ་གྱི་ལཱ་དང་ ཚོད་བསྲེ་འཛུགས་སྐྱོང་ དེ་ལས་ འཐུང་ཆུ་སྦེ་ཡང་ ལག་ལེན་འཐབ་ནི་ཨིན་པས།

ས་དམར་རྒེད་འོག་གི་ གླང་པ་དང་ ནོར་བུ་སྒང་སྤྱི་འོག་ནང་ འགོ་ཐོག་ཞིང་ཆུ་འདི་ རྒྱལ་ཁབ་ནང་ ལོ་ངོ་༥ འི་འཆར་གཞི་ འགོ་བཙུགས་པའི་སྐབས་ལུ་བཏོན་ཡོདཔ་ཨིན་རུང་ དེ་བསྒང་ རྒེད་འོག་གི་འཆར་དངུལ་ལས་ ཅ་ཆས་མཁོ་སྒྲུབ་ཀྱི་གྲོགས་རམ་དང་ གཡུས་ཁའི་མི་སེར་ཚུ་གིས་ ལས་མི་བཙུགས་ཏེ་ ཞིང་ཆུ་བཏོན་ཡོད་རུང་ ད་རེས་ ཞིང་ཆུ་འདི་ དུས་རྒྱུན་མེདཔ་ཨིན་པས།

སྐྱེས་ལོ་༣༦ ལང་མི་ ས་དམར་རྒེད་འོག་གི་རྒཔོ་ ཚེ་དབང་སྟོབས་རྒྱས་ཀྱིས་ བརྒྱུད་འཕྲིན་ཐོག་ལས་བཤད་མིའི་ནང་ སྤྱི་འོག་དེ་ནང་ ས་ཞིང་ཚུ་སྐམ་སྟེ་ ཧེ་མའི་ ཆུའི་རྐ་ཡང་ སྐམ་འགྱོ་མི་ལུ་བརྟེན་ ཆུའི་རྐ་ སོར་ཡི་ར་སྡོད་དགོཔ་འཐོན་པའི་གུ་ ཐག་རིང་ས་ཁར་འབདཝ་ལས་ ཆུ་མ་འོང་པའི་སྐབས་ མི་སེར་ཚུ་གིས་ ཆུ་དུང་འདི་ གྱི་ཅུ་གིས་བཏོག་སྟེ་ ཆུ་འོང་མི་འོང་བལྟ་དོ་ཡོད་མི་ལུ་བརྟེན་ ཆུ་དུས་རྒྱུན་འོང་ནི་ལུ་ སྟབས་མ་བདེཝ་འབྱུང་མས་ཟེར་ཨིན་པས།

ད་རུང་ ཁོ་གིས་ ཆུ་བཏོན་ནིའི་དོན་ལུ་ ཅ་ཆས་ཚུ་གི་ ལང་མ་ལང་གི་གནད་དོན་མེད་རུང་ མི་སེར་ཚུ་ལུ་ འཕྲུལ་རིག་ལག་ལེན་གྱི་ཉམས་མྱོང་མེད་ནི་དེ་གིས་ འཛིན་སྐྱོང་གི་ཐད་ཁར་ བརྡ་སྤྲོད་ཚུ་བྱིན་ཏེ་ཡོད་རུང་ ལག་ལེན་གྱི་ཐད་ཁར་ སྟབས་མ་བདེཝ་ཡོདཔ་ལས་བརྟེན་ ད་རེས་ ལཱ་ཚུ་ ཁག་འབགཔ་ལུ་ རྩིས་སྤྲོད་འབད་དེ་ཡོད་ཟེར་ཨིན་པས།

ཞིང་ཆུ་བཏོན་ནི་གི་ལས་སྣ་འདི་ ལོ་ངོ་༡ གི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ ཞིང་ཆུ་བཏོན་སའི་ས་གོ་ཚུ་ མང་ཤོས་ར་ བྱག་གུ་ཕོག་དོ་ཡོདཔ་ལས་ ལཱ་ཚུ་ དུས་ཚོད་ཁར་ རྫོགས་ཚུགས་པར་ ལཱ་ཁག་འོང་ཟེར་བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

 

Leave a Reply

Your email address will not be published. Required fields are marked *