སྲིད་དོན་ཚོགས་པ་༥ གི་འགོ་ཁྲིདཔ་དང་ མགྲིན་ཚབ་ཚུ་གི་བར་ན་ དམངས་གཙོའི་གནས་སྟངས་དང་འབྲེལ་བའི་ བསམ་འཆར་བརྗེ་སོར།

བསོད་ནམས་ལྷུན་གྲུབ།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ ལུ་ རྒྱལ་གཞུང་གཙུག་ལག་སློབ་སྡེའི་གྲོས་འཛོམས་ཁང་ནང་སྦེ་ འབྲུག་གི་དམངས་གཙོའི་གྲོས་གནས་འཚོགས་པའི་སྐབས་ སྲིད་དོན་ཚོགས་པ་ཚུ་གི་བར་ན་ བསམ་འཆར་བརྗེ་སོར་གྱི་ཐོག་ལས་ གྲོས་བསྟུན་ལས་རིམ་ནང་ གལ་གནད་ཅན་གྱི་གནད་དོན་ ཁག་ལེ་ཤ་ཐོན་ཏེ་འདུག

དེ་ཡང་ སྲིད་དོན་ཚོགས་པ་ཚུ་གིས་ འབྲུག་པའི་དམངས་གཙོ་རིང་ལུགས་འདི་ གཞན་དང་མ་འདྲ་བའི་ རྒྱལ་བརྒྱུད་གསེར་ཁྲིའི་རྩ་བ་ལས་གསོལ་རས་བཟུམ་ཅིག་ གནང་ཡོད་པའི་གཞུང་ ཁྱད་པར་ཅན་ཅིག་ཨིན་པའི་ བསམ་འཆར་ཚུ་བཤད་ཡོད་པའི་གུ་ དམངས་གཙོའི་གཞུང་གི་ གོ་དོན་འཆར་སྣང་ཚུ་ བརྗེ་སོར་འབད་ཡོདཔ་ཨིན་པས།

འགོ་ཁྲིདཔ་དང་ བརྡ་བརྒྱུད་ མི་སེར་ དེ་ལས་ གཞུང་མིན་ལས་ཚོགས་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་དང་ མ་འོངས་རྒྱལ་ཁབ་ཀྱི་ བསམ་འཆར་ཚུ་ ཕན་ཚུན་འབྲེལ་བ་ཅན་གྱི་ཐོག་ལས་ ཚོགས་པ་ག་ར་གིས་ རང་སོའི་བསམ་འཆར་བཤད་ནི་དང་ འདྲི་བཀོད་འབད་ནི་གི་ གོ་སྐབས་ཅིག་ཨིན་པས།

གྲོས་གནས་དེ་ནང་ དམངས་གཙོའི་རིང་ལུགས་ཀྱི་ ཤེས་ཡོན་སྤེལ་ནི་ལས་རིམ་དང་ མི་སེར་ཚུ་ལུ་ གོ་བརྡ་ལེགས་ཤོམ་སྦེ་ སྤྲོད་དགོ་པའི་ གནས་སྟངས་ཧ་གོ་ཡོད་པའི་ སྣང་འཆར་དང་ བཙག་འཐུའི་བྱ་རིམ་ནང་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་གི་གནད་དོན་ལུ་བརྟེན་ཏེ་  མི་སྡེའི་ནང་ ཞི་བདེ་མེད་པར་ བཟའ་ཚང་ནང་མི་གི་བར་ན་ མ་འཆམ་བྱུང་མི་ཚུ་གི་ ཞི་ཐབས་འབད་དགོ་ཧ་སྟེ་འདུག

སྲིད་དོན་ཚོགས་པ་ མང་ཤོས་ཀྱིས་བཤད་མིའི་ནང་ མི་སེར་ཚུ་གི་སེམས་ཁར་ སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དགོ་ནི་ རྐྱངམ་གཅིག་ལུ་ མི་སེར་ཚུ་དང་འབྲེལ་བ་འཐབ་ཨིན་པའི་ འཚོར་སྣང་བྱུང་སྟེ་ཡོདཔ་ལས་ ད་རེས་ཀྱི་ སྲིད་དོན་ཚོགས་པ་ཚུ་ ངོ་སྤྲོད་འབད་ནི་ལུ་ གདོང་ལེན་བྱུང་དོ་ཡོདཔ་སྦེ་ཨིན་པས།

འབྲུག་པའི་ དམངས་གཙོའི་རིང་ལུགས་ནང་ གཞུང་གིས་སྐྱོང་སྟེ་འབད་རུང་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ མི་སེར་གྱི་ཞི་བདེའི་མཐའ་དོན་ལུ་ ཡུན་བརྟན་གྱི་འཆར་གཞི་དང་ སྲིད་བྱུས་ཀྱི་ཐོག་ལས་ ཕྱི་འབྲེལ་གྱི་མཐུན་ལམ་དམ་ཟབ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཐུགས་ཀྱི་དགོངས་དོན་གྲུབ་ནི་ལུ་ གཙོ་བོར་བཏོན་དགོ་པའི་ གྲོས་བསྟུན་འབད་ཡི།

དེ་ལས་ འདས་པའི་ ལོ་ངོ་༡༠ གི་ནང་འཁོད་ལུ་ སྲིད་དོན་ཚོགས་པ་ཚུ་གིས་ ཁས་བླངས་འབད་མི་དེ་ རྩ་ཁྲིམས་ཅན་གྱི་དགོངས་དོན་ལས་འགལ་བའི་ ཡུན་བརྟན་གྱི་འཆར་གཞི་དང་མ་འཁྲིལ་བར་ ཁས་བླངས་གསལ་བསྒྲགས་འབད་ནི་དེ་གིས་ མི་སེར་གྱི་རེ་འདོད་ གྲུབ་མ་ཚུགས་པའི་ སྐྱོན་ཡོད་ལུགས་ཀྱི་སྐོར་ལས་ཡང་བཤདཔ་ཨིནཔས།

དེ་འབདཝ་ལས་ མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་ གཞུང་གིས་ དངུལ་ལོག་སྤྱོད་འབད་མི་དང་ ངན་ལྷད་འབད་མི་ དེ་ལས་ མི་སེར་ལུ་ མགུ་སྐོར་རྐྱབ་མི་ཨིན་པའི་ མནོ་བསམ་གཏང་སྟེ་ སྲིད་དོན་ཚོགས་པ་ལུ་ བློ་གཏད་ཡིད་ཆེས་དང་ དག་སྣང་མེད་པའི་གནས་སྟངས་ཀྱི་ཐོག་ གྲོས་བསྟུན་འབད་ཡོདཔ་ཨིན་མས།

དེ་མ་ཚད་ གཞུང་གཡོགཔ་ཚུ་ སྲིད་དོན་ནང་ བཅའ་མར་གཏོགས་ཞིནམ་ལས་ མི་སེར་ཚུ་གིས་ ཡིད་ཆེས་མེད་པའི་ བརྩི་འཇོག་འབད་དེ་ ཆ་བཞག་མ་པའི་གནས་སྟངས་འདི་ འདས་པའི་ལོ་ངོ་༡༠ གྱི་ནང་ སྲིད་དོན་ཚོགས་པའི་ ཀུན་སྤྱོད་ཀྱི་གནས་སྟངས་ཨིནམ་སྦེ་ གྲོས་བསྟུན་འབད་ནུག

དམངས་གཙོའི་གཞུང་གི་དབང་ཚད་དེ་ མི་སེར་ལུ་ཡོད་རུང་ དབང་ཚད་ལག་ལེན་འཐབ་ནི་གི་ འོས་འབབ་ཡོད་མེད་ཀྱི་གནས་སྟངས་ནང་ མི་སེར་ཚུ་གི་ ཁའི་དལ་དབང་ཡོད་རུང་ གདོང་ཁ་ཐོན་སླབ་ནི་གི་བློ་ཁོག་མེདཔ་སྦེ་ ཧ་གོ་ཡོདཔ་ད་ མི་སེར་གྱི་རེ་འདོད་བཀང་ནི་ལུ་ ཁའི་དལ་དབང་ བྱིན་དགོཔ་ཁག་ཆེཝ་ཨིན་པས།

འདི་བཟུམ་སྦེ་ སྲིད་དོན་ཚོགས་པ་ཚུ་གི་ རྒྱབ་སྐྱོར་ལེན་ནི་ལུ་ མ་དངུལ་དུམ་གྲ་རེ་བྱིན་དགོཔ་འདི་ ལགཔ་སྟོངམ་མེནམ་ཅིག་གི་ ཕྱག་རྒྱ་ཨིན་པའི་སྣང་བ་ཤར་མི་དང་ མི་སེར་ལ་ལུ་ཅིག་གིས་ རྒྱབ་སྐྱོར་དགོ་ནི་ལུ་ ག་ནི་ཡང་ བྱིན་ནི་མེད་ཟེར་བའི་ གཏམ་ལོ་རྒྱུས་སླབ་མི་ ཙང་ཙ་ར་ཡོདཔ་ལས་ བྱ་ཐབས་མེད་པར་ གསོལ་རས་བྱིན་དགོ་པའི་ གནས་སྟངས་ཡང་ཐོན་ཡོདཔ་ཨིན་པས།

འབྲུག་གི་དམངས་གཙོའི་གནས་སྟངས་འདི་ ལེགས་ལྡན་སྦེ་བཟོ་ཐབས་ལུ་ གཞུང་མིན་ལས་ཚོགས་དང་ བརྡ་བརྒྱུད་ དེ་ལས་ བཙག་འཐུ་ལྷན་ཚོགས་ཚུ་ གལ་ཅན་གྱི་གཙུག་སྡེ་ཅིག་སྦེ་ གཞུང་དང་མི་སེར་གྱི་མཐུན་འབྲེལ་དང་ རྒྱལ་ཡོངས་ཀྱི་དམིགས་དོན་ཚུ་ གཙོ་རིམ་བཟུང་སྟེ་ གཅིག་འབྲེལ་གྱི་ལཱ་འབད་དགོ་པའི་ གྲོས་བསྟུན་ཐོག་ལས་ མཇུག་བསྡུ་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *