སྤང་རྩེ་མར་ཁུ་ལག་ལེན་འཐབ་མི་ དཀོན་དྲགས།

པདྨ་གཡུ་སྒྲོན།

སྔོན་གོང་ ཕམ་ཚུ་གི་སྐབས་ལུ་ ཤིང་གི་རྡོག་མ་ཚུ་ལས་ མར་ཁུ་བཙིར་ཏེ་ ཟ་སྤྱོད་འབད་ནི་དང་ ལ་ལུ་ཅིག་གིས་ ཚོང་སྒྱུར་འཐབ་སྟེ་ མི་ཚེ་སྐྱོང་སྟེ་ སྡོད་ཡོདཔ་ཨིན་རུང་ ད་རེས་ནངས་པ་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་ལུ་བརྟེན་ འདི་བཟུམ་མའི་ ལམ་སྲོལ་བཟང་པོ་ཚུ་ལུ་ སྤྲོ་བ་མ་བསྐྱེད་པར་ རྒྱ་གར་རྒྱལ་ཁབ་ལས་འཐོན་མི་ མར་ཁུའི་རིགས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

སྔར་སྲོལ་གྱི་ མར་ཁུའི་རིགས་གཅིགཔོ་འདི་ སྤང་རྩེ་ཤིང་གི་ རྡོག་མ་སྐམ་ཞིན་ན་ ལྷིའུ་ནང་བརྡུང་ ཕྱེ་གསིག་ མར་ཁུ་བཙིར་ཏེ་ཐོན་མི་ སྤང་རྩེ་མར་ཁུ་འདི་ ལག་ལེན་འཐབ་སྟེ་ སྡོད་ཡོདཔ་ཨིན་རུང་ འདས་པའི་ལོ་ངོ་བཅུ་ཕྲག་གི་ཧེ་མ་ལས་ སྤང་རྩེ་མར་ཁུ་བཙིར་ནི་གི་སྲོལ་ཚུ་ཡང་ ཉམས་འགྱོ་དོ་ཡོདཔ་སྦེ་ཨིན་པས།

ཨིན་རུང་ སྤུ་ན་ཁ་རྫོང་ཁག་ སྟོད་པའི་ས་རྒེད་འོག་ལས་ སྐྱེས་ལོ་༦༤ ལང་མི་ ཨང་རྒས་སངས་རྒྱས་སྒྲོལ་མ་གིས་སླབ་མིའི་ནང་ མོ་ར་གཞོནམ་སྦེ་སྡོད་པའི་སྐབས་སུ་ ཕམ་སྤུན་ཆ་དང་ ཁྱིམ་ཚང་གདང་རས་ཚུ་དང་གཅིག་ཁར་ སྤང་རྩེ་མར་ཁུ་བཙིར་ནིའི་དོན་ལུ་ སྤང་རྩེ་ཤིང་གི་རྡོག་མ་ཚུ་ བསྡུ་སྒྲིག་འབད་དེ་ ཉིནམ་ནང་ལེགས་ཤོམ་སྦེ་དལ་ཏེ་ ལྷ་ང་ནང་བརྔོ་ཞིནམ་ལས་ ལྷིའུ་ནང་བརྡུང་སྟེ་ བཙོ་ཞིན་ན་ མར་བཙག་ནི་གི་ཧོད་ནང་བླུགས་ཏེ་ ཨེན་ཏ་དང་ རྡོ་གཞོང་གཉིས་ཀྱི་བར་ན་བཙུགས་ ཨེན་ཏ་གུ་ རྡོ་ཚུ་བཀལ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ བཞག་དགོ་ཟེར་བཤད་ཅི།

མོ་གིས་སླབ་མིའི་ནང་ མར་ཁུ་དེ་ ད་རེས་ནངས་པ་ཡང་ ལག་ལེན་འཐབ་དོ་ཡོད་རུང་ མང་ཤོས་ཀྱི་ ཕྱིའི་རྒྱལ་ཁབ་ལས་ ནང་འདྲེན་འཐབ་ཡོད་པའི་ མར་ཁུ་ཚུ་ལུ་ གཙོ་རིམ་བཟུང་སྟེ་ སྤང་རྩེ་མར་ཁུ་ལུ་ དང་ལེན་བསྐྱེད་མི་ཅིག་མེདཔ་ལས་ ཚོང་འབྲེལ་དང་ ལག་ལེན་འཐབ་མི་ དཀོན་དྲགས་ཅིག་འབདཝ་ལས་ ཚ་གྱང་ལང་མས་ཟེར་ཨིན་པས།

དེ་ཡང་ སྤང་རྩེ་མར་ཁུའི་ལཱ་འབད་ནི་དེ་ ལཱ་ཁག་ཅིག་འབདཝ་ལས་ ན་གཞོན་ཚུ་གིས་ འདི་ལུ་ སེམས་ཤུགས་བསྐྱེད་དེ་ ལཱ་འབད་མི་མེདཔ་ལས་ ཕྱི་རྒྱལ་ལས་འཐོན་པའི་ མར་ཁུ་དང་ ནོར་གྱི་མར་ཚུ་ བཟའ་འཐུང་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ཨིན་པས།

ག་དེམ་ཅིག་སྦེ་ སྤང་རྩེ་མར་ཁུ་དེ་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་སྟེ་འབད་རུང་ ཉུང་ཤོས་ ལི་ཊར་རེ་ལུ་ དངུལ་ཀྲམ་༣༠༠ རེ་ ཐོབ་དོ་ཡོད་པའི་ཁར་ འོང་འབབ་བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ སྤྲོ་བ་བསྐྱེད་མི་དང་ བཟའ་འཐུང་གི་དོན་ལུ་ ལག་ལེན་འཐབ་མི་མེདཔ་ལས་ མར་ཉམས་འགྱོ་མི་དེ་ གནད་དོན་འདི་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།

དེ་འབདཝ་ལས་ འདས་པའི་ལོ་ནང་ ཨེ་ཏོག་མེ་ཏོག་དུས་སྟོན་རྩིས་སྲུང་གི་སྐབས་ལུ་ རྒྱལ་ཡོངས་ནགས་ཚལ་དང་ཞབས་ཏོག་གླིང་ཀའི་ འགོ་འདྲེན་ཐོག་ སྔར་སྲོལ་ལམ་ལུགས་བཟང་པོ་ཚུ་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ཐབས་ལུ་ དག་སྣང་བསྐྱེད་བཅུག་ནིའི་ལུ་དམིགས་ཏེ་ ཐིམ་ཕུག་རྫོང་ཁག་གི་ ཀ་ཝང་དང་ ལྕང་ དེ་ལས་ དར་དཀར་ལ་རྒེད་འོག་དང་ སྤུ་ན་ཁ་རྫོང་ཁག་ སྟོད་པའི་ས་རྒེད་འོག་གི་ མི་སེར་ཆ་ཁྱབ་ལུ་ རང་ལུགས་ཀྱི་ བཟའ་འཐུང་གི་རིགས་ཚུ་ གསལ་སྟོན་འབད་ནི་གི་གོ་སྐབས་སྤྲོད་དེ་ཡོདཔ་ལས་ དེ་གིས་ སྤྱིར་གཏང་ འབྲུག་མི་ག་ར་དང་ ཕྱིའི་ལྟ་བཤལཔ་ཚུ་ལུ་ གོ་བརྡ་སྤྲོད་ཚུགས་པའི་ ཐབས་ལམ་ལེགས་ཤོམ་ཅིག་འབདཝ་ལས་ བཅའ་མར་གཏོགས་ཅི་ཟེར་བཤད་ཡོད་པའི་ གནས་ཚུལ།

 

 

Leave a Reply

Your email address will not be published. Required fields are marked *