སྡེ་ཚན་བཟོ་ཐོག་ལས་ ཁེ་འབབ་ཅན་གྱི་ ཚོད་བསྲེ་འཛུགས་སྐྱོང་།

བསོད་ནམས་ལྷུན་གྲུབ།

ད་རེས་ནངས་པ་ གནམ་གཤིས་གྱུར་འགྲོས་དང་ ཆརཔ་དུས་ཚོད་ཁར་ མ་རྐྱབ་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ལུ་ གདོང་ལེན་འབྱུང་དོ་ཡོད་རུང་ གཡུས་མི་ཚུ་མཉམ་རུབ་ཐོག་ལས་ གནས་སྐབས་བཏོན་ཏེ་ ས་ཞིང་གྱི་འཚོ་བཅུད་དང་བསྟུན་ འོང་འབབ་བཟོ་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༠ ལུ་ སྐམ་དར་མུར་མུར་གཡུས་ཚན་ནང་ ཚོད་བསྲེ་འཛུགས་སྐྱོང་གི་སྡེ་ཚན་བཟོ་ཞིན་ན་ འགོ་བཙུགས་པའི་ཤུལ་ལས་ སྤྱི་ལོ་༢༠༡༣ ལུ་ རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟེ་བ་གིས་ གཞུང་འབྲེལ་ཐོག་ལས་ སྡེ་ཚན་བཟོ་སྟེ་ ཚོད་བསྲེ་གི་ལཱ་འབད་ནི་གི་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།

ད་རེས་ རྒེད་འོག་དེ་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ སྡེ་ཚན་༣ ཡོདཔ་ད་ དང་ལེན་སྡེ་ཚན་ནང་ འཐུས་མི་ཁྱིམ་གུང་པ་༧ དང་ ཉ་ཡི་སྦི་གི་༦ དེ་ལས་ སྐམ་དར་མུར་མུར་གྱི་ གཡུས་ཚན་ནང་ སྡེ་ཚན་གྱི་འཐུས་མི་ ཁྱིམ་གུང་པ་༡༣  ཡོད་མི་ཚུ་གིས་ རང་སོའི་ལྡུམ་རེ་ནང་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ སྤྲོ་བ་བསྐྱེད་དེ་ འབད་བའི་བསྒང་ཨིན་པས།

ཚོད་བསྲེ་འཛུགས་སྐྱོང་འབད་མི་ སྡེ་ཚན་ཚུ་ལུ་ དམིགས་བསལ་གྱི་རྒྱབ་སྐྱོར་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ མོང་སྒར་ཝེང་མཁར་ ཚོང་དོན་སོ་ནམ་དང་འཚོ་ཐབས་ཡར་སེང་ལས་རིམ་ལས་ སྔོ་ཚལ་ཤེལ་ཁྱིམ་དང་ ཆུ་དུང་ ཤོག་ལྟབ་ཧོད་ དེ་ལས་ གློག་ཐག་ཚུ་གི་མཐུན་རྐྱེན་བྱིན་དོ་ཡོད་པའི་གུ་ སོ་ནམ་རྒྱ་སྐྱེད་ལྟེ་བ་གིས་ སྡེ་ཚན་གྱི་དོན་ལུ་ རྒྱབ་སྐྱོར་ཧྲིལ་བུམ་ཡོདཔ་ཨིན་པས།

རྒེད་འོག་དེ་གིས་ གཡུས་སྒོ་མང་ཤོས་ཅིག་ནང་ ནམ་དགུན་གྱི་དུས་ཚོད་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་གི་འོས་འབབ་ཡོད་རུང་ ལྡུམ་ར་ནང་ ཆུ་དཔག་ནིའི་མཐུན་རྐྱེན་ རྒྱ་ཆེ་དྲགས་ཅིག་མེད་ནི་དེ་གིས་ ཆུའི་དཀའ་ངལ་ལུ་བརྟེན་ཏེ་ སྐྱེས་མ་བཏུབ་པར་ ཐོན་སྐྱེད་ཀྱི་སྤུས་ཚད་ སྐྱོ་དྲགས་འཐོན་དོ་ཡོདཔ་སྦེ་ཨིན་པས།

ལས་འགུལ་གྱི་བྱིན་མི་ ཆུ་དུང་ཚུ་ སྡེ་ཚན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་ནི་མ་གཏོགས་ ཁྱིམ་གུང་པ་ག་ར་ལུ་ སྤྲོད་ཐབས་མེདཔ་ཨིན་མས།

དང་ལེན་སྡེ་ཚན་གྱི་ཁྲི་འཛིན་ སྐྱེས་ལོ་༣༨ ལང་མི་ སངས་རྒྱས་རྡོ་རྗེ་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་གི་ རང་སོའི་ ཚོད་བསྲེ་གི་ཐོན་སྐྱེད་དང་བསྟུན་ ཟླ་ངོ་རེ་ནང་ མ་དངུལ་ཉུང་ཤོས་ དངུལ་ཀྲམ་༡,༧༠༠ དང་ མཐོ་ཤོས་༡༢,༠༠༠ དེ་ཅིག་ བཟོ་ཚུགས་པས་བཤད་ཅི།

ད་རུང་ སོ་ནམ་རྒྱ་སྐྱེད་ལྟེ་བ་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ ཚོད་བསྲེ་གི་སོན་ བཀྲམ་སྤེལ་འབདཝ་བཞིན་དུ་ དུས་ཅི་ ཀེ་བའི་སོན་དེ་ རྒེད་འོག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་དེ་ འཛུགས་སྐྱོང་འབད་ཡོད་རུང་ ནད་འབུབ་བཏབ་ནི་དེ་གིས་ ཐོན་སྐྱེད་ཀྱི་ཚ་གྱང་ ལང་ཏེ་ཡོདཔ་ཨིན་པས།

འབྲུག་ལུ་ སོ་ནམ་གྱི་ཐོན་སྐྱེད་ཚུ་ རང་བཞིན་གྱི་སྨིན་པའི་ གནས་སྟངས་ཐོག་ལས་ འཛུགས་སྐྱོང་འབད་དགོ་ནི་དེ་གིས་ ནད་ཕོག་ནི་དང་འབུབ་བཏགས་མི་ལུ་བརྟེན་ སྨན་བཅོས་འབད་ཐབས་གཞན་མེདཔ་ལས་ རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟེ་བ་གིས་ མོ་བཏབ་ཀྱི་དོན་ལུ་ སྨན་རིག་ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་གནས་ཚུལ་གྱིས་ རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཕུརཔ་སྒྲོལམ་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་འཛུགས་སྐྱོང་གི་སྦྱོང་བརྡར་ རྒྱུན་མ་ཆད་པར་བྱིན་ཏེ་ཡོད་རུང་ དུས་ཚོད་དང་བསྟུན་ འཛུགས་སྐྱོང་མ་འབད་ནི་དེ་གིས་ ཚོད་བསྲེ་ཚུ་ འབུབ་དང་ནད་ཕོག་སྟེ་ཡོདཔ་སྦེ་ བཤད་ཅི།

མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ནམ་དགུན་ལུ་བཙུགས་མི་ཚོད་བསྲེ་ཚུ་ ནམ་བྱཱར་གྱི་དུས་ལུ་ འཛུགས་སྐྱོང་འབད་ནི་གི་འོས་འབབ་མེདཔ་ལས་ རང་བཞིན་གྱི་ ནད་ཕོག་ནི་དང་ འབུབ་བཏགས་ནི་ཨིནམ་བཞིན་དུ་ འཛུགས་སྐྱོང་གི་དུས་ཚོད་ མ་འཛོལ་བར་ ལཱ་འབད་ནི་ལུ་ སེམས་ཁར་བཞག་དགོ་ཟེར་ཨིན་པས།

སྡེ་ཚན་དེ་གིས་ ཚོད་བསྲེ་གི་ཐོན་སྐྱེད་ ཀེ་བ་དང་ཀོ་པི་ ལ་ཕུག་དང་ལ་ཕུག་དམརཔོ་ ཨེ་མ་དང་ཉ་ཁག་ཅུ་ ཧོན་ཚོད་དང་མེ་ཏོག་ཧོན་ཚོད་ཚུ་སློབ་གྲྭའི་དུས་ཚོད་ལུ་ སྟག་མོ་ཆུ་སློབ་གྲྭ་ལྟེ་བ་ལུ་ བཙོང་ནི་མ་གཏོགས་ ས་སྒོ་གཞན་ཁར་ལུ་ ཚོང་ཉོ་མི་ལས་ བཙོང་མི་མང་ནི་དེ་གིས་ ཚོང་འབྲེལ་འཐབ་པར་ མོང་སྒར་ལུ་ འགྱོ་དགོཔ་ཐོནམ་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *