སྐྱེས་ལོ་༢༠ ལས་༣༠ གྱི་བར་ན་འབད་མི་ དོགས་ཅན་ཕོ་སྐྱེས་༣ འཛིན་བཟུང་།

ཆོས་ཉིད་བཟང་མོ།

འདས་པའི་ སྤྱི་ཟླ་༥ པའི་ སྤྱི་ཚེས་༣༡ ལུ་ ཕུན་ཚོགས་གླིང་ཁྲིམས་སྲུང་འགག་པ་གིས་ མི་ངོམ་ཅིག་གིས་ བཀག་དམ་ཅན་གྱི་སྨྱོ་རྫས་འབག་ཡོདཔ་སྦེ་ གསང་བའི་གནས་ཚུལ་ཐོབ་པའི་ཤུལ་ལུ་ ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་གྱིས་ ཕུན་ཚོགས་གླིང་འཛུལ་སྒོ་ཁར་ ཞིབ་དཔྱད་འབད་བའི་སྐབས་ དུས་ཡུན་ཆུ་ཚོད་༡༦.༢༠ དེ་ཅིག་ལུ་ མོང་སྒར་རྫོང་ཁག་ སྐྱིད་ལས་ཁར་ལས་ཨིན་མི་ སྐྱེས་ལོ་༢༩ ལང་མི་ དོགས་ཅན་ཕོ་སྐྱེས་༡ འཛིན་བཟུང་འབད་ཡོདཔ་ཨིན་པས།

དོགས་ཅན་ཕོ་སྐྱེས་འདི་ ལཱ་གཡོག་མེད་པར་སྡོད་མི་ཅིག་ཨིནམ་སྦེ་ ཤེས་རྟོགས་བྱུང་སྟེ་ དོགས་ཅན་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཨིསི་པིསི་ མོ་པོ་རོཊ་ སི་བཱོན་ པཱལསི་ ཀེབ་སཱུལ་༦༦ དང་ ཨིསི་བོན་ ཨིསི་པིསི་ པཱལསི་ ཀེབ་སཱུལ་༤ ཁོ་རའི་ ཧེམ་ཅུ་ནང་ལས་ཐོབ་ཡོདཔ་བཞིན་དུ་ དོ་དམ་འོག་ལུ་ བཙུགས་པའི་ཤུལ་ལས་ ཁོ་གིས་ ཨོམ་སོའི་ནང་ལས་ ཨེཎ་ཊེན་ ཊེབ་ལེཌ་༩ ཐོབ་ཡོདཔ་ཨིན་པས།

དོགས་ཅན་འདི་ལུ་ འདྲི་དཔྱད་འབདཝ་ད་ བཀག་དམ་ཅན་གྱི་སྨྱོ་རྫས་ ཨིསི་པིསི་ མོ་པོ་རོཊ་སི་བཱོན་ པཱལསི་ ཀེབ་སཱུལ་༧༠ དང་ ཨིསི་པིསི་ ཨིསི་བོན་ པཱལསི་ ཀེབ་སཱུལ་༤ དེ་ལས་ ཨེཎ་ཊེན་ ཊེབ་ལེཌ་༡༠ དེ་ཅིག་ ཇའེ་སྒང་ བཱའོ་བཱ་ཟར་ལས་ ངོ་མ་ཤེས་མི་ མི་ངོམ་ཅིག་ལས་ དངུལ་ཀྲམ་༢,༠༠༠ སྤྲོད་དེ་འབག་འོང་ཡི་ཟེར་ ཨིན་པས།

དོགས་ཅན་དེ་གིས་ ཨིསི་པིསི་ མོ་པོ་རོཊ་ སི་བཱོན་ པཱལསི་༤ དང་ ཨེཎ་ཊེན་༡ མ་ཚང་མི་དེ་ འཛིན་བཟུང་མ་འབད་བའི་ཧེ་མ་ལས་ ལོག་སྤྱོད་འབད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ལས་ ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ དྲི་ཆུ་བརྟག་དཔྱད་འབདཝ་ད་ ལག་ལེན་འཐབ་ཡོདཔ་སྦེ་ ཨིན་པས།

འདི་བཟུམ་སྦེ་ ས་གནས་དེ་ཁར་ལས་ར་ སྐྱེས་ལོ་༢༡ ལང་མི་ དོགས་ཅན་ཕོ་སྐྱེས་༡ གི་ སྨྱོ་རྫས་ ཀེ་ན་སྐམ་ གརཱམ་༡༢.༢༧ དེ་ཅིག་ ལྷན་ཁུག་ནང་ལས་ཐོན་ཡོདཔ་ད་ དོགས་ཅན་འདི་ སྤ་རོ་རྫོང་ཁག་ ལུ་ནེ་ལས་ཨིན་པས།

དོགས་ཅན་ལུ་ འདྲི་ཞིབ་འབད་བའི་སྐབས་ ཇའེ་སྒང་ བཱའོ་བཱ་ཟར་ལས་ དངུལ་ཀྲམ་༡༠༠ སྤྲོད་ཐོག་ལས་ འབག་འོང་ཡི་ཟེར་ ཁ་བཟེད་ཡོདཔ་པའི་གུ་ ལག་ལེན་འཐབ་ཡོདཔ་སྦེ་ ཤེས་ནུག

དོགས་ཅན་ཕོ་སྐྱེས་འདི་ དོ་དམ་འོག་ལུ་མ་བཞག་པར་ ཕུན་ཚོགས་གླིང་ མི་ཚེ་བསྐྱར་གསོ་ལྟེ་བའི་ནང་ བཏང་ཡོདཔ་ཨིན་རུང་ འཕྲོ་མཐུད་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ ཁྲིམས་སྲུང་འགོ་དཔོན་གྱིས་བཤད་ཡོདཔ་ཨིན་པས།

ད་རུང་ དགེ་འདུ་ཁྲིམས་སྲུང་འགག་པ་གིས་ དུས་ཡུན་ཆུ་ཚོད་༡༤.༠༠ ལུ་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ཁ་ཐུག་འོང་མི་ རྡོ་འཁོར་སྣུམ་འཁོར་ཅིག་ནང་ སྨྱོ་རྫས་ ཀེ་ན་བི་སྐམ་ གརཱམ་༡༡.༣༣ གླུ་སྒྲོམ་གྱི་ནང་ལུ་ བཞག་ཡོདཔ་སྦེ་ བདའ་འཛིན་ཡོདཔ་ཨིན་མས།

དོགས་ཅན་སྐྱེས་ལོ་༢༥ ལང་མི་འདི་ ལྷན་རྩེ་སྨིན་སྦིས་རྒེད་འོག་ སྒང་ཟུར་ལས་ཨིནམ་ད་ ཁོ་ར་ སྣུམ་འཁོར་དེད་གཡོགཔ་ཨིན་པའི་གུ་ སྨྱོ་རྫས་འདི་ ཁོ་རང་གི་ཨིནམ་སྦེ་ ཁ་བཟེད་ཡོདཔ་ད་ དེ་ཡང་ ཇའེ་སྒང་ལུ་ ཚོང་འབྲེལ་འཐབ་མི་ཅིག་ལས་ དངུལ་ཀྲམ་༢༠༠ སྤྲོད་དེ་ འབག་འོང་ཡི་ཟེར་ཨིན་པས།

དོགས་ཅན་དེ་གིས་ དྲི་ཆུ་བརྟག་དཔྱད་འབདཝ་ད་ སྨྱོ་རྫས་ལག་ལེན་འཐབ་ཡོདཔ་སྦེ་ གྲུབ་འབྲས་ཐོན་ཡོད་མི་ལུ་བརྟེན་ འཛིན་བཟུང་འབད་བའི་ཤུལ་ལུ་ བར་ན་ རྒྱབ་མི་བཙུགས་ཐོག་ལས་བཏང་ཡོད་རུང་ གནད་དོན་གུ་ ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་གྱིས་ འཕྲོ་མཐུད་དེ་ ཞིབ་དཔྱད་འབད་བའི་བསྒང་ར་ཡོདཔ་ཨིན་པའི་གནས་ཚུལ།

 

 

 

Leave a Reply

Your email address will not be published. Required fields are marked *