ལྷན་རྒྱས་གདན་ས་དང་ ཡིག་ཚང་ཅ་ཆས་ཚུ་གི་དོགས་སེལ།

བསོད་ནམས་ནོར་བུ།

ད་རེས་གཞུང་གི་ ལོ་ངོ་༥ གི་གནས་ཡུན་ཚང་མི་དང་འབྲེལ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ གདན་ས་དང་ སྒྲིག་གཡོག་སྣུམ་འཁོར་ དེ་ལས་ གཞན་ཡིག་ཚང་གི་ཅ་ཆས་ཚུ་ ལོག་རྩིས་སྤྲོད་ནི་ཟེར་ཨིན་པས།

དེ་ཡང་ གནས་ཚུལ་ཞལ་འཛོམས་ཀྱི་སྐབས་ལུ་ བློན་ཆེན་དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་བཀོད་མིའི་ནང་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་མ་གནང་ཚུན་ཚོད་ཀྱི་རིང་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ ཡིག་ཚང་གི་ལཱ་ཚུ་ འཕྲོ་མཐུད་འབད་ནི་ཨིན་རུང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་དང་གཅིག་ཁར་ རེས་གཟའ་ཕུར་བུ་ བཀབ་ནེ་དང་ དཔའ་རྟགས་ཚུ་ ལོག་རྩིས་སྤྲོད་ཕུལ་ཡོདཔ་ཨིན་པས།

བློན་ཆེན་གྱིས་གསུངས་མིའི་ནང་ བཀབ་ནེ་དང་ དཔའ་རྟགས་ཚུ་ ཕུལ་ཚར་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་ བསྐོ་བཞག་མ་གནང་ཚུན་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་རྣམས་ ཡིག་ཚང་གི་དུས་ཚོད་ཁར་ སྤྱིར་བཏང་གི་ བཀབ་ནེ་དཀརཔོ་དེ་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

གནས་སྐབས་ཀྱི་གཞུང་ བསྐོ་བཞག་མ་གནང་གི་རིང་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་འབད་ར་ ཕྱག་ཞུ་དགོཔ་ཡོདཔ་ལས་ ཡིག་ཚང་གི་ཅ་ཆས་ གློག་རིག་འཕྲུལ་ཆས་ འཕྲོ་མཐུད་དེ་ ལག་ལེན་འཐབ་ནི་ཨིན་པས།

གནས་སྐབས་ཀྱི་གཞུང་འདི་ གསལ་བསྒྲགས་འབད་ཚར་བའི་ཤུལ་ལས་ར་ ཡིག་ཚང་དང་ ཅ་ཆས་ཚུ་ ཆུང་ཀུ་ཅིག་ཡང་ མ་བཞག་པར་ སྔར་ག་ཨིནམ་སྦེ་ ལོག་སྟེ་ར་ རྩིས་སྤྲོད་ཕུལ་དགོ་ཟེར་ཨིན་མས།

དེ་ཡང་ སྤྱི་ཟླ་༧ པའི་སྤྱི་ཚེས་༣༠ ལུ་ གནས་ཚུལ་ཞལ་འཛོམས་ཀྱི་སྐབས་ལུ་ བློན་ཆེན་དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་གསུངས་མིའི་ནང་ གཞུང་གི་གནས་ཡུན་ཚང་མི་དང་བསྟུན་ ལྷན་རྒྱས་གདན་ས་ཡང་ སྟོངམ་བཏོན་འོང་ཟེར་ཨིན་པས།

འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ གནས་སྐབས་ཀྱི་གཞུང་དེ་ གཞུང་གི་གནས་ཡུན་ཚང་བའི་ཉིནམ་ལས་འགོ་བཙུགས་ཏེ་ ཉིན་གྲངས་ ༡༥ གི་ནང་འཁོད་ བསྐོ་བཞག་གནང་དགོཔ་སྦེ་ འཁོད་དེ་ཡོད་མི་དང་འཁྲིལ་ཨིན་པས།

ཨིན་རུང་ ཧེ་མའི་གཞུང་གི་སྐབས་ལུ་འབད་བ་ཅིན་ བློན་པོ་ལྷན་རྒྱས་ཚུ་གིས་ གནད་ས་དང་ གློག་རིག་འཕྲུལ་ཆས་ དེ་ལས་ པར་འཕྲུལ་ཚུ་ གཞུང་གི་གནས་ཡུན་ཚང་སྟེ་འབད་རུང་ དུས་ཚོད་ཁར་ ལོག་རྩིས་མ་སྤྲོད་པར་བཞག་ཡི་ཟེར་ཨིན་པས།

ད་རུང་ ཧེ་མའི་གཞུང་གིས་ སྐུལ་བསྒྲགས་འབད་བའི་ དུས་ཚོད་ཀྱི་སྐབས་ཡང་ ལྷན་རྒྱས་གདན་ས་ནང་ར་ སྡོད་ཡི་ཟེར་ཨིནམ་ད་ དེ་བསྒང་ ད་རེས་ཀྱི་ལྷན་རྒྱས་རྣམས་ ཁྱིམ་ནང་འཛུལ་བའི་བསྒང་ལས་ ཁྱིམ་ཁམས་ལོག་སི་སི་སྦེ་ བཞག་ནུག་ཟེར་ཨིན་མས།

ཧེ་མའི་གཞུང་གིས་ ད་རེས་ཀྱི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ལུ་ རྩིས་སྤྲོད་པའི་སྐབས་ བཅོ་ཁ་རྐྱབ་དགོ་པའི་གནས་སྟངས་ སྐྱོ་དྲགས་ཅིག་སྦེ་ སྡོད་ཡི་ཟེར་ཨིན་མས།

དེ་ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སྤྱི་ཟླ་༧ པའི་སྤྱི་ཚེས་༣༡ ལུ་ གནས་ཚུལ་ཞལ་འཛོམས་ཀྱི་སྐབས་ལུ་བཀོད་མིའི་ནང་ ཧེ་མའི་བློན་པོ་ལྷན་རྒྱས་ཚུ་གིས་ ཅ་ཆས་ཚུ་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ལུ་ རྩིས་སྤྲོད་ཡི་ཟེར་ཨིནམ་བཞིན་དུ་ སྐུལ་བསྒྲགས་འབད་བའི་ དུས་ཚོད་ཀྱི་སྐབས་ཡང་ ལྷན་རྒྱས་གདན་ས་ སྡོད་དགོཔ་ཐོན་མི་དེ་ ཁྱིམ་གྱི་སྟབས་མ་བདེཝ་ཐོནམ་ལས་ ཟླཝ་༣ གྱི་རིང་ལུ་ ཁྱིམ་གྱི་ཁང་གླ་སྤྲོད་ཐོག་ལས་ སྡོད་སྡོདཔ་ཨིན་ཟེར་བཤདཔ་ཨིན་པས།

ད་རུང་ ཁོ་གིས་བཀོད་མིའི་ནང་ ལྷན་རྒྱས་གདན་སའི་ཁྱིམ་ཚུ་ ལེགས་ཤོམ་སྦེ་ ཧིང་སང་ས་འབད་ར་ ལོག་སྟེ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡ རེས་གཟའ་ཕུར་བུ་ལུ་ རྒྱལ༌ཡོངས༌ཚོགས༌སྡེའི་ལྷན་འཛོམས་ཁང་ནང་སྦེ་ གཞུང་གི་གནས་ཡུན་ཚང་མི་དང་འབྲེལ༌ མཇུག་བསྡུ་བའི་ རྟེན་འབྲེལ་གྱི་ཉིནམ་དེ་ཁར་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ཚུ་གིས་ དཔའ་རྟགས་དང་བཀབ་ནེ་ ཤུབས་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *