རྫོང་ཁག་༢༠ ཆ་མཉམ་ལུ་ ས་རྐོ་འཕྲུལ་ཆས་དང་ས་རྐོ་སྣུམ་འཁོར་རེ་རེ་ རྩིས་སྤྲོད་འབད་ཡོདཔ།

པདྨ་གཡུ་སྒྲོན།

དབང་ཚད་ཕྱིར་སྤེལ་ལས་བརྒྱུད་དེ་ ས་གནས་གཞུང༌འདི་ རྩ་བརྟན་བཟོ་ནི་ཟེར་བའི་ བརྗོད་དོན་ཐོག་ལུ་ སྤྱི་ཟླ་༨ པའི་ སྤྱི་ཚེས་༣༠ ལུ་ བུམ་ཐང་རྫོང་ཁག་ནང་ལུ་སྦེ་ སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་མཆོག་གིས་ རྫོང་ཁག་༢༠ གི་ དྲག་ཤོས་རྫོང་བདག་ལུ་ ས་རྐོ་འཕྲུལ་ཆས་དང་ ས་རྐོ་སྣུམ་འཁོར་རེ་རེ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

ཉིནམ་འདི་ཁར་ མི་རྗེ་བློན་ཆེན་ དྲག་ཤོས་ཚེ་རིང་སྟོབས་རྒྱས་མཆོག་གིས་ གྲལ་གཏོགས་མཛད་དེ་ ཇ་པཱན་གཞུང་དང་ མི་སེར་ཆ་མཉམ་ལུ་ མཁོ་ཆས་མ་དངུལ་གྱི་ གྲོགས་རམ་མཛད་གནང་མི་འདི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་དང་ མཁོ་ཆས་ཚུ་གིས་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ གོང་འཕེལ་གྱི་འགྱུར་བ་བཟོ་ཐབས་ལུ་ གནམ་མེད་ས་མེད་ ཕན་ཐོགས་ཡོད་ཟེར་གསུང་གནང་ཡི།

ད་རུང་ བློན་ཆེན་མཆོག་གིས་ རྫོང་ཁག་༢༠ གི་རྫོང་བདག་དང་ ས་གནས་གཞུང་གི་ཁྲི་འཛིན་ དེ་ལས་ སོ་ནམ་འགོ་དཔོན་ཆ་ཁྱབ་ལུ་ འཕྲུལ་ཆས་ཆེ་བ་ཚུ་གིས་ ས་གནས་གཞུང་གི་དབང་ཆ་ སྒྲིང་སྒྲིང་འགྱོ་ནི་དང་ སོ་ནམ་ཞིང་ལམ་བདའ་སྟེ་ ས་རུད་ཆུ་རུད་ཀྱི་ རྐྱེན་ངན་ཚབས་ཆེན་རེ་འབྱུང་པ་ཅིན་ ལམ་ལེགས་བཅོས་འབད་ནི་དོན་ལུ་ ལག་ལེན་འཐབ་སྟེ་ མི་སེར་སོ་ནམ་པ་ཚུ་ལུ་ སོ་ནམ་ས་ཞིང་ལེགས་ཤོམ་བཟོ་ནི་དོན་ལུ་ ཞིང་ཆུའི་གཡུར་བ་ ལེགས་བཅོས་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ རྫོང་བདག་ཚུ་གིས་ འཕྲུལ་ཆས་ཚུ་ ཚུལ་མཐུན་ཐོག་ལས་ ལག་ལེན་འཐབ་སྟེ་ དུས་རྒྱུན་དུ་ བདག་འཛིན་འཐབ་དགོ་པའི་ ནན་སྐུལ་གནང་ནུག

འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐངས་ཀྱི་ གནས་ཡུན་ཚུ་ བྱིན་ཡོདཔ་ལས་ དགོས་མཁོ་དང་བསྟུན་ཏེ་ གནད་དོན་ཁག་ཆེ་ཤོས་ཚུ་ནང་ ཁེ་ཕན་འབྱུང་ཐབས་ལུ་དམིགས་ཏེ་ འཕྲུལ་ཆས་ཚུ་ ལག་ལེན་འཐབ་དགོ་ཟེར་ གསུངས་ཡོདཔ་ཨིན་མས།

ས་རྐོ་འཕྲུལ་ཆས་དང་ ས་རྐོ་སྣུམ་འཁོར་འདི་ རང་ར་སོ་སོའི་ རྫོང་ཁག་གིས་ འགོ་འདྲེན་ཐོག་ལས་ ལཱ་བཀོལ་ནི་ཨིནམ་ད་ དེ་ཡང་ སྦྱོང་བརྡར་ཡོད་པའི་ འཕྲུལ་ཆས་ལག་ལེན་པ་ཆ་ཁྱབ་ལུ་ འཕྲུལ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ཨིན་པའི་ གནས་ཚུལ།

Leave a Reply

Your email address will not be published. Required fields are marked *