རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་གདམ་འཐུ།

དབང་འདུས་ཕོ་བྲང་རྫོང་ཁག་གི་འཐུས་མི་ བཀྲ་ཤིས་རྡོ་རྗེ་འདི་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་དང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་འཐུས་མི་ འཇིགས་མེད་དབང་ཕྱུག་འདི་ ཁྲི་འཛིན་འོགམ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༠ རེས་གཟའ་པ་སངས་ཀྱི་དྲོ་པ་ ཆུ་ཚོད་༡༡ དང་སྐར་མ་༣༤ ལུ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་ནང་སྦེ་ བཙག་འཐུ་ལྷན་ཚོགས་དང་ རྒྱལ་ཡོངས་ཚོགས་སྡེའི་དྲུང་ཆེན་གཉིས་ཀྱིས་ ཚོགས་སྡེའི་ཁྲི་འཛིན་དང་ ཁྲི་འཛིན་འོགམ་གཉིས་ གདམ་འཐུ་འབད་མི་དེ་ གཞུང་འབྲེལ་དུ་ གསལ་བསྒྲགས་འབད་ནུག

ཁྲི་འཛིན་གདམ་འཐུ་གི་དོན་ལུ་ ཚོགས་རྒྱན་སྐྱུར་མི་ བསྡོམས་ཀྱི་༢༥ ཡོད་ས་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ རུས་སྦིས་ས་རྒེད་འོག་ལས་ སྐྱེས་ལོ་༣༧ ལང་མི་ འཐུས་མི་བཀྲ་ཤིས་རྡོ་རྗེ་གི་ ཚོགས་རྒྱན་༡༡ ཐོབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་ལས་ སྐྱེས་ལོ་༣༨ ལང་མི་ འཐུས་མི་འཇིགས་མེད་དབང་ཕྱུག་གི་ ཚོགས་རྒྱན་༡༣ ཐོབ་སྟེ་ ཁྲི་འཛིན་འོགམ་སྦེ་ གདམ་འཐུ་གྲུབ་ནུག

ཁྲི་འཛིན་གྱི་དོན་ལུ་ འཐུས་མི་༦ གིས་བཅའ་མར་གཏོགས་ཡོདཔ་ཨིན་རུང་ བཀྲ་ཤིས་སྒང་རྫོང་ཁག་ ཀླུ་མང་རྒེད་འོག་ལས་ སྐྱེས་ལོ་༥༡ ལང་མི་ འཐུས་མི་ ལྷ་སྤྲུགས་དང་ བུམ་ཐང་རྫོང་ཁག་ སྟང་རྒེད་འོག་ལས་ སྐྱེས་ལོ་༤༠ ལང་མི་ འཐུས་མི་ ཉི་མ་གི་ ཚོགས་རྒྱན་༤ ལས་ ཐོབ་མ་ཚུགས་པས།

དེ་ལས་ གཞལམ་སྒང་རྫོང་ཁག་ བར་རྡོ་རྒེད་འོག་ལས་ སྐྱེས་ལོ་༤༩ ལང་མི་ འཐུས་མི་ པདྨ་གྲགས་པ་དང་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ལས་ སྐྱེས་ལོ་༣༧ ལང་མི་ འཐུས་མི་ སངས་རྒྱས་རྡོ་རྗེ་ དེ་ལས་ ཐིམ་ཕུག་རྫོང་ཁག་ ཀ་ཝང་རྒེད་འོག་ལས་ སྐྱེས་ལོ་༥༤ ལང་མི་ འཐུས་མི་ ཚེ་དབང་རིག་འཛིན་གྱི་ ཚོགས་རྒྱན་༢ ལས་ མ་ཐོབ་པས།

ཁྲི་འཛིན་འོགམ་གྱི་དོན་ལུ་ འཐུས་མི་༣ འབད་ས་ལས་ ཀྲོང་གསར་རྫོང་ཁག་ ནུ་སྦིས་རྒེད་འོག་ལས་ སྐྱེས་ལོ་༤༦ ལང་མི་ འཐུས་མི་ བཀྲ་ཤིས་བསམ་གྲུབ་ཀྱི་ ཚོགས་རྒྱན་༣ དང་ ཧཱ་རྫོང་ཁག་ གསང་སྦས་ཁ་རྒེད་འོག་ལས་ སྐྱེས་ལོ་༣༥ ལང་མི་ ཨོ་རྒྱན་རྣམ་རྒྱས་ཀྱི་ ཚོགས་རྒྱན་༩ ཐོབ་སྟེ་ ཡོངས་བསྡོམས་ལས་ གདམ་འཐུ་གྲུབ་མ་ཚུགས་པས།

ཁྲི་འཛིན་སྦེ་གདམ་འཐུ་གྲུབ་མི་ བཀྲ་ཤིས་རྡོ་རྗེ་གིས་ སྤྱི་ལོ་༢༠༠༥ ལས་༢༠༠༦ ཚུན་ འབྲུག་གི་དངུལ་ཁང་ནང་ སྦྱོང་བརྡར་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༦ ལས་༢༠༠༧ ཚུན་ ཕྱི་འབྲེལ་ལྷན་ཁག་གི་ མགྲོན་སྐྱོང་འགོ་དཔོན་དང་ སྤྱི་ལོ་༢༠༡༣ ལས་༢༠༡༨ ཚུན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་བའི་དུས་ཡུན་ནང་ འབྲུག་གི་རྒྱལ་ཡོངས་ཚོགས་སྡེའི་ དམངས་རྩིས་ཚོགས་ཆུང་གིས་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

ཁྲི་འཛིན་འོགམ་ འཇིགས་མེད་དབང་ཕྱུག་གིས་ སྤྱི་ལོ་༢༠༠༦ ལས་ ༢༠༠༧ ཚུན་ ཤེས་རིག་ལྷན་ཁག་ནང་ སློབ་དཔོན་སྦེ་ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༠༨ ལས་༢༠༡༨ ཚུན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *