རྒྱལ་ཁབ་ཀྱི་ངོ་རྟགས་ རྫོང་ཁ་སྐད་ཡིག་འབྱང་ནིའི་ཉེན་ཁ།

རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་གཉིས་ལྡན་གྱི་ གཞུང་འགོ་དང་པ་ དབུ་བརྙེས་པའི་བསྒང་ལས་ར་ རྒྱལ་ཁབ་ཀྱི་གཞུང་སྐད་སྦེ་ ལག་ལེན་འཐབ་པའི་ སྐད་ཡིག་ཅིག་ཨིན།

དེ་ཡང་ རྒྱལ་ཁབ་ནང་ དེང་རབས་ཀྱི་ དཔལ་འབྱོར་གོང་འཕེལ་དང་ འཆར་གཞི་འགོ་ཐོག་ དུས་རབས་༢༠ པ་ཕྱེད་མཚམས་ལས་ འགོ་བཙུགས་པའི་སྐབས་ མི་དབང་འབྲུག་རྒྱལ་གསུམ་པ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཐབས་ཤེས་བཏོན་གནང་སྟེ་ ཁ་ལས་ག་སླབ་ རྫོང་ཁ་ཡིག་ཐོག་གུ་ འབྲི་ནིའི་སྲོལ་བཙུགས་ཏེ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ལུ་ ངོས་འཛིན་གནང་ནུག

འདི་ལས་ཚུར་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ རྒྱལ་ཁབ་མཐའ་དབུས་མེད་པའི་ སློབ་གྲྭ་ག༌ར༌ནང༌ ཨིང༌སྐད་དང༌ གཞན་ཆོས༌ཚན༌ཚུ་དང་འདྲ་མཉམ་སྦེ་ རྩ༌བའི༌ཆོས༌ཚན༌ ཁག༌ཆེ༌ཤོས༌ཅིག༌སྦེ་ སློབ༌སྦྱོང༌འབད༌ནི༌གི༌སྲོལ༌གཏོད༌གནང་ཡོདཔ་བཞིན་དུ་ འབྲི༌ནི༌དང༌ ལྷག༌ནི༌གི༌རིག༌རྩལ་འགོ༌བཙུགས༌ཏེ༌ སྒྲ༌སྦྱོར༌གྱི༌གཞུང༌དང༌ སྙན༌ངག༌ མངོན༌བརྗོད༌ སྡེབ༌སྦྱོར༌ལ༌སོགས༌པའི༌ རིག༌གནས༌ཀྱི༌གཞི༌འགྱམ་བཙུགས༌ཐོག༌ལས༌ སྐད༌ཡིག༌གོང་འཕེལ་བཏང་ཡོདཔ་ཨིན་པས།

ཨིན་རུང་ ད་རེས་ནངས་པའི་ གནས་སྟངས་ལུ་བལྟ་བ་ཅིན་ གཞུང་དང་ ལྷན་ཁག་ ལས་སྡེ་ ལས་འཛིན་ལ་སོགས་པ་ཚུ་གིས་ ཞལ་འཛོམས་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་ ཕྱི་རྒྱལ་གྱི་མི་མེད་རུང་ ཨིང་སྐད་ཐོག་ལས་ འགོ་འདྲེན་འཐབ་མི་ལུ་བརྟེན་ སྐྱོ་སི་སིའི་མཐོང་སྣང་ཅིག་ཨིན་པས།

འདི་བཟུམ་སྦེ་ སློབ་གྲྭ་ནང་འབད་རུང་ ཁྲོམ་ཁ་ལས་ཕར་འབད་རུང་ ན་གཞོན་མང་ཤོས་ཅིག་གིས་ ཨིང་སྐད་དེ་ར་སླབ་ས་མཐོངམ་ལས་ དེ་བཟུམ་གྱི་ གནས་སྟངས་འདི་ ལོ་གཅིག་བ་ལོ་གཅིག་ ཡར་འཕར་འགྱོཝ་ཨིན་པས།

རྒྱལ་ཁབ་ནང་ མི་མང་བརྒྱ་ཆ་༨༠ དེ་ཅིག་གིས་ རྫོང་ཁ་སླབ་ནི་དང་ འབྲི་ནི་ དེ་ལས་ ལྷག་ནི་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ཡང་ གཙོ་བོ་ ཨིང་སྐད་ལུ་ ཤུགས་ཐལ་བ་ལུ་བརྟེན་ རྫོང་ཁའི་སྐད་ཡིག་ མར་ཉམས་འགྱོ་དོ་ཡོདཔ་མས།

ལྷག་པར་དུ་ ད་རེས་ནངས་པའི་ གཞུང་གི་ཡིག་ཚང་དང་ སྒེར་སྡེ་ཡིག་ཚང་གི་བརྡ་བྱང་ དེ་ལས་ བརྒྱ་ཆ་ལས་༩༠ དེ་ཅིག་གི་ ཚོང་ཁང་གི་བརྡ་བྱང་ཚུ་ ཨིང་སྐད་ཀྱི་ཡིག་ཐོག་ལུ་ བཀོད་དེ་ཡོདཔ་བཞིན་དུ་ རྫོང་ཁའི་ཡིག་ཐོག་གུ་བཀོད་མི་ཚུ་ཡང་ མང་ཤོས་ར་ ཡིག་སྡེབ་ལུ་ ནོར་འཁྲུལ་ཞུགས་ཏེ་འདུག

དེ་ལུ་ འབྲེལ་ཡོད་དབང་འཛིན་གྱི་ཁ་ཐུག་ལས་ ལྟ་རྟོག་མ་འབདཝ་ཨིན་ན་ བརྡ་བྱང་ཚུ་ ག་ཐོབ་བཀོད་ད་རུང་ མ་བཏུབ་མེད་པའི་གནས་སྟངས་བཟུམ་སྦེ་ ཚོང་ཁང་གི་ཇོ་བདག་ཆ་ཁྱབ་ཀྱི་ ཨིང་སྐད་ལས་ རྫོང་ཁའི་ཡིག་ཐོག་གུ་ ཐད་ཀར་སྐད་སྒྱུར་རྐྱབ་སྟེ་ བཀོད་མི་ལུ་བརྟེན་ རྫོང་ཁའི་ཡིག་སྡེབ་ཚུ་ ལྷག་རུང་ལྷག་དགོ་མ་བདེ་ བལྟ་རུང་ མིག་ཁར་མཛེས་ཏོག་ཏོ་མེདཔ་ལས་ འབྲེལ་ཡོད་ལག་ལེན་པ་ཚུ་གིས་ སྐད་ཡིག་ལུ་ བརྩི་མཐོང་མེད་པའི་ ཚོར་སྣང་འབྱུང་མས།

མ་གཞི་ རྫོང་ཁ་སྐད་ཡིག་ཡར་རྒྱས་གཏང་ཐབས་ལུ་ འབྲེལ་ཡོད་ལྷན་ཁག་དང་ ལྷན་ཚོགས་ཀྱིས་ ཕྱག་ལཱ་ག་དེམ་ཅིག་གནང་སྟེ་འབད་རུང་ འགྱུར་བ་འབག་འོང་མ་ཚུགས་མི་དེ་ སྤྱིར་བཏང་ མི་མང་གི་རྒྱབ་སྐྱོར་མ་འབད་བ་ལུ་བརྟེན་ཏེ་ སྐད་ཡིག་ཡར་རྒྱས་གཏང་ནི་ལུ་ གདོང་ལེན་སྦོམ་འབྱུང་སྟེ་འདུག

དེང་སང་ རྒྱལ་ཁབ་གོང་འཕེལ་དང་ དཔལ་འབྱོར་ཡར་འཕར་འགྱོཝ་བཞིན་དུ་ཡོདཔ་ལས་ ན་གཞོན་དང་ ལྷག་པར་དུ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ཡོངས་ཀྱིས་ རང་གི་རྒྱལ་ཁབ་ཀྱི་ངོ་རྟགས་ རྒྱལ་ཡོངས་ཀྱི་སྐད་ཡིག་འདི་ལུ་ སྤྲོ་བ་དང་ དག་སྣང་མ་བསྐྱེད་པར་ ཕྱི་རྒྱལ་གྱི་ཨིང་སྐད་ལུ་ སྤྲོ་བ་བསྐྱེད་དེ་ ལག་ལེན་འཐབ་འཐབ་སར་ སྡོདཔ་འདྲཝ་ཅིག་འབད་བ་ཅིན་ མཐའན་མཇུག་ལུ་ རྒྱལ་ཁབ་ཀྱི་ངོ་རྟགས་གཙོ་བོ་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ འབྱང་ནིའི་ཉེན་ཁ་ཡོདཔ་ཨིན།

 

 

Leave a Reply

Your email address will not be published. Required fields are marked *