རྒྱ་གར་རྒྱལ་ཁབ་ཀྱི་མི་ངོམ་༡ སྨྱོ་རྫས་ཉོ་བཙོང་འཐབ་ཡོད་མི་ལུ་བརྟེན་ འཛིན་བཟུང་།

ཆོས་ཉིད་བཟང་མོ།

འདས་པའི་ཟླཝ་དེ་ནང་ ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པ་གིས་ བཀག་དམ་ཅན་གྱི་ སྨྱོ་རྫས་ལོག་སྤྱོད་དང་ སྐྱེལ་འདྲེན་འབད་མི་ལུ་བརྟེན་ དོགས་ཅན་ཕོ་སྐྱེས་༣ ས་གནས་ཐིམ་ཕུག་ནང་འཁོད་ལས་ འཛིན་བཟུང་འབད་དེ་ཡོདཔ་ད་ དོགས་ཅན་༣ ཆ་ར་གིས་ ཁྲིམས་འགལ་ཐོག་ལས་ སྨྱོ་རྫས་སྐྱེལ་འདྲེན་དང་ ལོག་སྤྱོད་འབད་དེ་ཡོདཔ་ལས་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ ཞིབ་དཔྱད་འཕྲོ་མཐུད་ཀྱི་དོན་ལུ་ བཞག་ཡོདཔ་ཨིན་པས།

གནད་དོན་དེ་གིས་ཐོག་ལུ་ ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་ དོགས་ཅན་ཕོ་སྐྱེས་༣ ལུ་ བཀག་དམ་ཅན་གྱི་སྨྱོ་རྫས་འདི་ ག་ཏེ་ལས་ འབག་འོང་ཡི་ག་ འདྲི་ཞིབ་འབད་བའི་སྐབས་ ཁོང་༣ ཆ་ར་གིས་ རྒྱ་གར་རྒྱལ་ཁབ་ཀྱི་ མི་ངོམ་༡ ལས་ ཉོ་འབག་འོང་ཡི་ཟེར་ སླབ་ཡོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་སྡེ་གིས་ རྒྱ་གར་གྱི་མི་ངོམ་ འཚོལ་ཞིབ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཉོ་བཙོང་འཐབ་མི་ རྒྱ་གར་གྱི་མི་ངོམ་འདི་ བདའ་མ་འཛིན་པར་ཡོད་རུང་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་འདི་ ས་གནས་ག་ཏེ་ལུ་ སྡོད་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གསང་བའི་གནས་ཚུལ་ཐོབ་ཡོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་དེ་ལུ་ སྨྱོ་རྫས་ཉོ་མི་ཨིནམ་བཟོ་སྟེ་ སྨྱོ་རྫས་ཉོ་དགོ་པས་ཟེར་ བརྒྱུད་འཕྲིན་བཏང་པའི་སྐབས་ དོགས་ཅན་དེ་གིས་ ཁོ་ར་ མགྱོནམོ་དང་གཅིག་ཁར་ སྤ་རོ་ལུ་ཡོད་ཟེར་ སླབ་ཡོདཔ་མ་ཚད་ སྨྱོ་རྫས་དགོ་པ་ཅིན་ སྤ་རོ་ལུ་ ལེན་པར་ཤོག་ཟེར་ སླབ་ཡོདཔ་ཨིན་པས།

དེ་ལས་ རྒྱ་གར་གྱི་མི་ངོམ་གྱིས་ ཁ་བྱང་ཐོབ་བཞིན་དུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྤ་རོ་ཁྲིམས་སྲུང་འགག་པ་ལུ་ དོགས་ཅན་གྱི་སྐོར་ལས་ ཁ་གསལ་བཤད་བྱིན་ཏེ་ འཛིན་བཟུང་འབད་དགོཔ་སྦེ་ སྙན་ཞུ་འབད་བའི་ཤུལ་ལུ་ འདས་པའི་བདུན་ཕྲག་གི་ སྤྱི་ཚེས་༢༦ ལུ་ འཛིན་བཟུང་འབད་དེ་ དོགས་ཅན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ དོགས་ཅན་ཕོ་སྐྱེས་འདི་ རྒྱ་གར་རྒྱལ་ཁབ་ ཇཱའི་སྒང་ལས་ སྐྱེས་ལོ་༤༡ ལང་མི་ཨིནམ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།

ད་རུང་ དོགས་ཅན་ཕོ་སྐྱེས་འདི་ རྒྱ་གར་ཇའི་གི་མངའ་འོག་ལུ་ ལྟ་བཤལ་པའི་ དེད་གཡོགཔ་ཅིག་ཨིནམ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ད་ དོགས་ཅན་དེ་ལུ་ ཞིབ་དཔྱད་འབདཝ་ད་ རྒྱ་གར་སི་ཀིམ་གྱི་ སྣུམ་འཁོར་གཏང་མི་ཅིག་ཨིནམ་སྦེ་ བདའ་འཛིན་ཏེ་ སྣུམ་འཁོར་ནང་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་ ཨིསི་པིསི་ མོ་པོ་རོག་སི་བཱོན་ པཱལསི་ ཀེབ་སཱུལ་༢,༡༦༠ དང་ ཀེ་ན་བིས་སྐམ་ པུ་རི་ཡཱ་ གཱརམ་༢༨.༤༢ ཐོབ་ཡོདཔ་ལས་ འགག་སྡེ་གིས་ སྔོན་འགྲོའི་དྲི་ཞིབ་འབད་ཡོད་མིའི་ནང་ དོགས་ཅན་དེ་གིས་ བཀག་དམ་ཅན་གྱི་སྨྱོ་རྫས་ཚུ་ ཇཱའི་སྒང་ལས་ ཀེབ་སཱུལ་སྒྲོམ་རེ་ནང་༡༤༤ ཡོད་མི་དེ་ལུ་ དངུལ་ཀྲམ་༡,༦༠༠ བྱིན་ཏེ་ ཐིམ་ཕུག་ལུ་ སྨྱོ་རྫས་ལོག་སྤྱོད་ འབད་མི་གི་དོན་ལུ་ འབག་འོང་ཡི་ཟེར་ སླབ་ཡོདཔ་ཨིན་པས།

དོགས་ཅན་དེ་གིས་ དྲི་ཆུ་བརྟག་དཔྱད་འབད་བའི་སྐབས་ལུ་ཡང་ བཀག་དམ་ཅན་གྱི་སྨྱོ་རྫས་ ངེས་པར་དུ་ ལག་ལེན་འཐབ་ཡོདཔ་སྦེ་ གྲུབ་འབྲས་ཐོན་ཡོད་མི་ལུ་བརྟེན་ དོགས་ཅན་ཕོ་སྐྱེས་འདི་ འཛིན་བཟུང་འབད་དེ་ སྤ་རོ་ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ འཕྲོ་མཐུད་ཞིབ་དཔྱད་ཀྱི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།

འདི་འབདཝ་ལས་ འབྲུག་མི་ག་ར་འབད་རུང་ ཚར་ཅིག་གིས་དགའ་བ་ལུ་དམིགས་ཏེ་ ཉེས་ལས་ཀྱི་ལཱ་ནང་ གྲལ་གཏོགས་འབད་ནི་དང་ བཀག་དམ་ཅན་གྱི་སྨྱོ་རྫས་ཚུ་ ལོག་སྤྱོད་དང་ སྐྱེལ་འདྲེན་འབད་ནི་ཚུ་ སྤང་དགོཔ་གལ་ཆེ་བས་ཟེར་ཨིནམ་ད་ རྒྱལ་ཁབ་ནང་ ཉེས་ལས་དང་འབྲེལ་བའི་ གནད་དོན་མར་ཕབ་འབད་ནི་ལུ་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ མཉམ་རུབ་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་བ་ཅིན་ གནད་དོན་མར་ཕབ་འབད་ཚུགས་པའི་ ཁེ་ཕན་སྦོམ་འོང་ནི་མས་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བསམ་འཆར་བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *