ཡ་མཚན་ཅན་གྱི་གྲུབ་ཆུའི་འབྱུང་ཁུངས་དང་ དེའི་ཕན་རླབས།

པདྨ་གཡུ་སྒྲོན།

སྤ་རོ་རྡོབ་སྦྱིས་རྫོང་གི་ཉེ་འདབས་ལུ་ཡོད་པའི་ གྲུབ་ཆུ་འདི་ གྲུབ་ཐོབ་རྗེ་བཙུན་མི་ལ་རས་པ་གིས་ བོད་ར་ལུང་ལས་ འབྲུག་ལུ་བྱོན་པའི་སྐབས་ གུང་ཞག་རྡོབ་སྦྱིས་རྫོང་ནང་བཞུགས་ཏེ་ ལོག་བྱོནམ་ད་ ཕྱག་སྟོངམ་མེདཔ་ཅིག་ གསོལ་རས་སྦེ་ གྲུབ་ཆུ་བཏོན་གནང་ནུག

གྲུབ་ཆུ་བཏོན་ཡོད་སའི་ བྱག་གི་ས་ཁོངས་ནང་ ཧེ་མ་འབད་བ་ཅིན་ ག་ར་ཚལ་མ་གི་བསྒང་སྟེ་ མི་ག་གི་ཡང་ གྲུབ་ཆུ་འདུག་ཟེར་ མ་ཤེསཔ་ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མ་ མི་ཅིག་གི་གྲུབ་ཆུ་ཨིན་པས་ཟེར་ ཤེས་པའི་ཤུལ་ལས་ གྲུབ་ཆུ་གིས་ ནད་གཞི་ཚུ་ལུ་ ཕན་ཐོགས་ཡོདཔ་ཧ་གོ་སྟེ་ ས་གནས་དེ་ཁར་སྡོད་མི་ཚུ་ལུ་ དར་ཁྱབ་སོང་ནུག

ཨིན་རུང་ གྲུབ་ཐོབ་རྗེ་བཙུན་མི་ལ་རས་པ་གིས་ གྲུབ་ཆུ་བཏོན་ཏེ་ ལོ་ངོ་༣༦༠ དེ་ཅིག་སོང་ཡོད་རུང་ འདས་པའི་ལོ་ངོ་༢ དེ་ཅིག་ལས་འགོ་བཟུང་སྟེ་ རྒྱལ་ཁབ་ནང་ དར་ཁྱབ་འགྱོ་ཡོདཔ་ཨིན་པས།

གྲུབ་ཆུ་འདི་ འཐུང་ཙམ་ཅིག་གི་ ལས་ངན་སྡིག་སྒྲིབ་ཚུ་དག་ནི་དང་ གཟུགས་ལུ་ ནཝ་ཚཝ་མི་འབྱུང་ནི་ ལྷག་པར་དུ་ གྲུབ་ཆུ་ལས་བརྒྱུད་དེ་ སྨན་ཆུ་གིས་ ནད་གཞི་ཀེན་སར་དང་ ཁྲག་ཤུགས་ནད་ལ་སོགས་པ་ཚུ་ དྲག་ཚུགས་པའི་ནུས་པ་ སྦོམ་ཡོད་ཟེར་ཨིན་པས།

གྲུབ་ཆུ་འདི་ རྡོབ་སྦྱིས་རྫོང་གི་ལྟག་ལུ་ བྱག་གི་སྦུག་ལས་ ཡ་མཚན་ཆེ་ཏོག་ཏོ་སྦེ་ བཏོན་ཏེ་ཡོད་མི་དེ་ ད་རེས་ནངས་པ་ གྲུབ་ཆུ་ཆུང་ཀུ་འགྱོ་ཡོདཔ་ད་ དེ་ཡང་ མི་ཚུ་གིས་ གྲུབ་ཆུའི་ཉེ་འདབས་ལུ་ གཙང་སྦྲ་མ་བསྟེན་པར་ ཕྱགས་སྙིགས་རག་རོག་དང་ གཏམ་ཁུ་ལ་སོགས་པ་ཚུ་ ལག་ལེན་འཐབ་མི་ལུ་བརྟེན་ཏེ་ཨིན་པས།

བྱག་གི་རྩ་བ་ ཐང་ཆུང་ཀུ་ཅིག་ནང་ སྨན་ཆུ་ཟེར་ རྡོ་བསྲེག་སྟེ་ གྲུབ་ཆུ་ལག་ལེན་འཐབ་ཞིན་ན་ སྦང་དོ་ཡོདཔ་ལས་ སྨན་ཆུ་སྦང་མི་ཚུ་གིས་དོན་ལུ་ སྡོད་ཁྱིམ་༥ ནང་ ཁག་ཆེ་བའི་མཐུན་རྐྱེན་ གློག་མེ་དང་ ལྟོ་འབད་སའི་རྫམ་ དེ་ལས་ ཐབ་ཤིང་ཚུ་བྱིན་དོ་ཡོདཔ་ཨིན་པས།

སྨན་ཆུའི་ལྟ་རྟོག་པ་གིས་སླབ་མིའི་ནང་ ས་གནས་དེ་ཁར་ སྨན་ཆུ་སྦང་མི་ མི་གྲངས་༡༥ དེ་ཅིག་ཤོང་པའི་ སྡོད་ཁྱིམ་དང་ སྨན་ཆུ་སྦང་སའི་གཞོངམ་༦ ཡོདཔ་བཞིན་དུ་ འཕྲལ་འཕྲལ་སྐབས་ མི་གྲངས་༡༥ ལས་ལྷག་སྟེ་ སྨན་ཆུ་སྦང་མི་འོངམ་ད་ ཁྱིམ་ནང་ མ་ཤོང་པའི་སྐབས་ ཉེ་འདབས་ལུ་སྦེ་ གུར་སྤུབ་སྟེ་སྡོད་བཅུག་དོ་ཟེར་ཨིན་པས།

ཨིན་རུང་ རླུང་མ་དང་ ཆརཔ་ཤུགས་རྐྱབ་པའི་དུས་ཚོད་ལུ་ སྨན་ཆུ་སྦང་མི་ཆ་ཁྱབ་ལུ་ དཀའ་ངལ་བྱིན་མས་ཟེར་ཨིན་པས།

རྡོབ་སྦྱིས་རྫོང་གི་སློབ་དཔོན་ཅིག་གིས་བཤད་མིའི་ནང་ སྨན་ཆུ་སྦང་མི་ཚུ་གིས་ ཞག་ཅིག་ནང་ ཁྱིམ་གྱི་ཁང་གླ་སྦེ་ དངུལ་ཀྲམ་༢༠༠ རེ་དང་ རྡོ་བསྲེག་ནི་གི་ཤིང་ལུ་ དངུལ་ཀྲམ་༢༥༠ རེ་སྤྲོད་དགོཔ་མ་གཏོགས་ གཞན་མཐུན་རྐྱེན་ཚུ་ རིན་མེད་སྟོང་པ་སྦེ་ གྲོགས་རམ་འབད་དོ་ཟེར་ཨིན་པས།

ཁྱིམ་གྱི་ཁང་གླ་དང་ ཤིང་ལས་བརྟེན་ འོང་འབབ་ཆུང་ཀུ་རེ་ཐོབ་མི་དེ་གིས་ དགེ་སློང་ཚུ་གི་དོན་ལུ་ བཟའ་ཆས་ཚུ་ ཉོ་ནི་ལུ་ ལྷན་ཐབས་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།

ད་ལྟོའི་བར་ན་ཡང་ རེས་གཟའ་ཉིནམ་དང་ཟླཝ་གི་ ངལ་གསོའི་སྐབས་ མི་བརྒྱ་ལས་བཅས་ ཐང་ནང་སྣུམ་འཁོར་མ་ཤོངམ་སྦེ་ གྲུབ་ཆུ་ཨོག་མི་འཐོན་དོ་ཡོདཔ་མ་ཚད་ གནམ་དགུན་ སློབ་ཕྲུག་ཨ་ལུ་ཚུ་ ངལ་གསོ་གཏང་ཞིནམ་ལས་ སྨན་ཆུ་སྦང་མི་ ལེ་ཤ་འོང་མས་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ རྫོང་གི་ཁ་ཐུག་ལས་ དགེ་སློང་ཚུ་གིས་ གྲུབ་ཆུ་དང་ སྨན་ཆུ་ བདག་འཛིན་འཐབ་སྟེ་ཡོད་རུང་ སྤྱི་ལོ་༢༠༡༦ ལས་འགོ་བཙུགས་ཏེ་ ལྟ་རྟོག་འབད་མི་ ལོགས་སུ་སྦེ་ བཙུགས་ཏེ་ཡོདཔ་ཨིན་པས།

སྨན་ཆུ་སྦང་མི་འོང་པ་ཅིན་ ལྟ་རྟོག་པ་གིས་ ཁྱིམ་གྱི་ཤོང་ཚད་དང་འཁྲིལ་ བརྡ་ལེན་འབད་དེ་ སྨན་ཆུ་སྦང་ནི་གི་དུས་ཡུན་ནང་ རྡོ་བསྲེག་ནི་གི་ཤིང་ཡང་ ཁོ་གིས་སྦེ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

རྫོང་གི་ཁ་ཐུག་ལས་ གྲུབ་ཆུ་བཞེས་པར་བྱོན་མི་ སྐུ་མགྲོན་ག་ར་ཨིན་རུང་ གྲུབ་ཆུའི་བྱིན་རླབས་ མ་ཉམས་པར་བཞག་ཐབས་ལུ་ གྲུབ་ཆུའི་མཐའ་འཁོར་ལུ་ ཆབ་གསང་གཏང་ནི་དང་ ཕྱགས་སྙིགས་རག་རོག་ཚུ་ བཀོ་མ་གནང་ཟེར་ཞུ་བ་འབདཝ་བཞིན་དུ་ གྲུབ་ཆུ་ལག་ལེན་འཐབ་སྟེ་ གོ་ལ་དང་ གཟུགས་ལ་སོགས་པ་ ཆུ་འཁྱུ་ནི་ཚུ་འཛེམ་གནང་ཟེར་ གསོལ་འདེབས་ཞུཝ་ཨིན་པས།

གལ་སྲིད་ ཁྱབ་བསྒྲགས་དེ་ལུ་ མ་གནས་པ་ཅིན་ བདག་འཛིན་པ་གིས་ ཉེས་ཆད་དངུལ་ཀྲམ་༥༠༠ ཐམ་པ་བཀལ་ནི་ཨིནམ་ལས་ ག་ར་གི་ རྒྱབ་སྐྱོར་གང་དྲག་མཛད་གནང་ཟེར་ཨིན་པས།

རྫོང་གི་ཉེ་འདབས་དང་ སྨན་ཆུ་ དེ་ལས་ གྲུབ་ཆུའི་ས་ཁོངས་ནང་ དཀའ་ངལ་སྦོམ་ཤོས་ར་ མི་ཆ་ཁྱབ་ཀྱིས་ ཕྱགས་སྙིགས་ག་ཐོབ་ བཀོ་བཞག་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་འབྱུང་མས་ཟེར་ཨིནམ་ད་ ག་ར་འབད་རུང་ ཁྱབ་བསྒྲགས་དེ་ལུ་ ངོས་ལེན་མཛད་དེ་ ལག་ལེན་འཐབ་གནང་ཟེར་བའི་ དྲན་སྐུལ་ཨིན་པའི་གནས་ཚུལ།

 

 

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *