འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གིས་ གྲོགས་རམ་ལས་འགུལ།

འཇིགས་མེད་བསྟན་འཛིན།

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གིས་ སྤྱི་ལོ་༡༩༩༣ ལས་ སྤྱི་ལོ་༢༠༡༧ གྱི་སྤྱི་ཟླ་༦ པའི་སྤྱི་ཚེས་༣༠ ཚུན་ འཛིན་སྐྱོང་བཀོད་ཚོགས་ལས་འགུལ་དང་ གྲོགས་རམ་ལས་འགུལ་ཆུང་བ་ དེ་ལས་ ལས་འགུལ་སྡེ་ཆུང་ཚུ་རྩིས་ཏེ་ ཡོངས་བསྡོམས་མ་དངུལ་༡,༡༡༦,༤༠༨,༧༡༡ གནས་པའི་ ལས་འགུལ་ཁག་༢༠༢ གྲོགས་རམ་འབད་ཡོདཔ་ཨིན་པས།

ད་ཚུན་ ལས་འགུལ་༢༠༢ ལས་ མ་དངུལ་༠༠,༡༩༨,༡༡༧ གནས་པའི་ ལས་འགུལ་༡༧༨ མཇུག་བསྡུ་ཡོདཔ་བཞིན་དུ་ ལྷག་ལུས་ དངུལ་ཀྲམ་༢༡༦,༢༡༠,༥༩༤ གནས་པའི་ ལས་འགུལ་༢༤ གི་ལས་སྣ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།

དེ་ཡང་ འཛིན་སྐྱོང་བཀོད་ཚོགས་ཀྱིས་ ཆ་འཇོག་འབད་ཡོད་པའི་ མ་དངུལ་༩༠༩,༨༠༡,༡༥༥ གནས་པའི་ ལས་འགུལ་༡༢༣ གྲོགས་རམ་འབད་ཡོད་པའི་ནང་ལས་ མ་དངུལ་༧༥༧,༡༣༠,༥༦༡ གནས་ཡོད་པའི་ ལས་འགུལ་༡༠༤ མཇུག་བསྡུ་སྟེ་ མ་དངུལ་༡༥༢,༧༦༠,༥༩༤ གནས་པའི་ལས་འགུལ་༡༩ གི་ལཱ་ཚུ་ ད་ལྟོ་འབད་བའི་བསྒང་ཡོདཔ་ད་ ལས་འགུལ་ཆུང་བ་ཁག་༢༥ གི་དོན་ལུ་ མ་དངུལ་༡༨,༤༢༧,༥༥༦ གྲོགས་རམ་འབད་ནུག

འཛམ་གླིང་དངུལ་ཁང་གི་གྲོགས་རམ་འབད་མི་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་ལས་འགུལ་འོག་ལུ་ ལས་འགུལ་ཁག་༡༤ དང་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་དང་ རང་བཞིན་གནས་སྟངས་ཐོན་སྐྱེད་འཛིན་སྐྱོང་གི་དོན་ལུ་ ཡུན་བརྟན་ལས་འགུལ་ལུ་ མ་དངུལ་༡༨༨,༡༨༠,༠༠༠ གནས་པའི་ གྲོགས་རམ་འབད་ཡོད་པའི་ནང་ལས་ མ་དངུལ་༡༢༤,༦༤༠,༠༠༠ གནས་པའི་ལས་འགུལ་༩ མཇུག་བསྡུ་སྟེ་མ་དངུལ་༦༣,༥༤༠,༠༠༠ གནས་པའི་ལས་འགུལ་ཁག་༥ གི་ལཱ་ཚུ་ ད་ལྟོ་འཕྲོ་མཐུད་འབད་བའི་བསྒང་ཨིན་པས།

འབྲུག་རང་བཞིན་གནས་སྟངས་བློ་གཏད་མ་དངུལ་གིས་ སྤྱི་ལོ་༢༠༡༣ ལས་༢༠༡༨ ཚུན་ མ་དངུལ་ཌོ་ལར་ས་ཡ་༤.༣ གནས་པའི་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་ལས་འགུལ་ སྐྱེ་ལྡན་གནས་སྟངས་ཉམས་སྲུང་དང་ རང་བཞིན་གནས་སྟངས་ཐོན་སྐྱེད་འཛིན་སྐྱོང་གི་དོན་ལུ་ མ་དངུལ་ཡུན་བརྟན་ཟེར་མིའི་ལས་འགུལ་ འགོ་བཙུགས་ཡོདཔ་ཨིན་པས།

ལས་འགུལ་འདི་ འབྲུག་རང་བཞིན་གནས་སྟངས་བློ་གཏད་མ་དངུལ་གྱི་ ལག་ལེན་དོན་སྨིན་ཅན་དང་ ཡུན་བརྟན་ཡར་དྲག་གཏང་ནི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ཁ་ཐུག་ ས་ཁ་མཐོ་ས་ སའི་ཆགས་ཚུལ་ཉེན་སྲུང་གི་འཛིན་སྐྱོང་ཡར་སེང་ དེ་ལས་ ནགས་ཚལ་ཡུན་བརྟན་དང་ཉམས་སྲུང་ རང་བཞིན་གནས་སྟངས་ཀྱི་ཐོན་སྐྱེད་ འཛིན་སྐྱོང་གི་གདོང་ལེན་ལུ་ རྒྱལ་ཡོངས་ཀྱི་སྲིད་བྱུས་དང་ཐབས་ཤེས་ འཆར་གཞི་ཚུ་ འགན་དབང་གཙོ་རིམ་བཟུང་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

ད་ལྟོ་ཚུན་ ས་གནས་ཀྱི་བདག་སྐྱོང་རྩིས་ཏེ་ གཞུང་གིས་ ལས་འགུལ་གྱི་གྲོགས་རམ་ བརྒྱ་ཆ་༧༤.༦༡ དང་ གཞུང་མིན་ལེགས་ཚོགས་ཀྱིས་ བརྒྱ་ཆ་༡༢.༥ རང་བཞིན་གནས་སྟངས་དང་འབྲེལ་བའི་ ཞིབ་འཚོལ་དང་ཤེས་ཡོན་ དེ་ལས་ མཁས་མཆོག་ཚུ་གིས་ བརྒྱ་ཆ་༥.༥༠ མི་ངོམ་རང་སོའི་བརྒྱ་ཆ་༡.༨ འདི་བཟུམ་སྦེ་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ བརྒྱ་ཆ་༣.༠༩ གཞན་ཡང་ སྒེར་སྡེ་ཚུ་གིས་བརྒྱ་ཆ་༢.༤༤ ཐོབ་ཡོདཔ་ཨིན་པས།

འདས་པའི་ལོ་ངོ་༢༥ གི་རིང་ལུ་ འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ རང་བཞིན་གནས་སྟངས་ཉམས་སྲུང་དང་ཤེས་ཡོན་ ཐོན་སྐྱེད་འཛིན་སྐྱོང་ མི་དང་རི་དྭགས་སེམས་ཅན་བར་ནའི་དཀའ་ངལ་ གྲོང་གསེབ་ཀྱི་འཚོ་ཐབས་དང་ ཕྱགས་སྙིགས་འཛིན་སྐྱོང་ ཤིང་བཙུགས་ནི་དང་ ནགས་ཚལ་ཉམས་གསོ་ སྐྱེ་ལྡན་གནས་སྟངས་དང་ སྐྱེ་ལྡན་རིགས་སྣའི་བརྟག་ཞིབ་ རང་བཞིན་གནས་སྟངས་དང་ཐོན་སྐྱོན་འཛིན་སྐྱོང་གི་དོན་ལུ་ ཁྲིམས་དོན་དང་གཙུག་སྡེའི་གཞི་བཀོད་ལུ་ དམིགས་བསལ་གྱི་ ལས་རིམ་དང་ལས་འགུལ་ཚུ་ འགོ་འདྲེན་དང་ གྲོགས་རམ་འབད་ཡོདཔ་ཨིན་པས།

དེ་མ་ཚད་ ལས་འགུལ་འགོ་བཙུགས་ཡོད་མིའི་ གྲོགས་རམ་དང་བར་འཛུལ་གྱི་དོན་ལུ་ ལྟ་རྟོག་དང་དབྱེ་ཞིབ་ལམ་ལུགས་ཚུ་ རྩ་བརྟན་བཟོ་ཡོདཔ་ད་ འཛིན་སྐྱོང་བཀོད་ཚོགས་དང་ གྲོགས་རམ་ལས་འགུལ་ཆུང་བའི་དོན་ལུ་ ཞིབ་བལྟའི་རིམ་པ་ཚུ་ཡང་ ཡར་དྲག་བཏང་ཡོདཔ་ཨིན་པས།

འབྲུག་རང་བཞིན་གནས་སྟངས་ཉམས་སྲུང་བློ་གཏད་མ་དངུལ་གྱིས་ སྤྱི་ལོ་༡༩༩༢ ལུ་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་ལས་ མ་དངུལ་ཌོ་ལར་ས་ཡ་༡༠ ཐོབ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༧ གྱི་ སྤྱི་ཟླ་༧ པ་ཚུན་ མ་དངུལ་ཌོ་ལར་ས་ཡ་༥༣ ཡོདཔ་དང་ མ་དངུལ་ཚུ་ཡང་ འཛམ་གླིང་དངུལ་ཁང་དང་ ནོར་ཝེ་ སུ་ཝིཊ་ཛར་ལེནཌ་དང་ ནེ་དྷར་ལེནཌ་ ཌེན་མཱཀ་དང་ ཕིན་ལེནཌ་ དེ་ལས་ འབྲུག་གཞུང་དང་ འཛམ་གླིང་རི་དྭགས་སེམས་ཅན་མ་དངུལ་ཚུ་གིས་ གྲོགས་རམ་འབད་ཡོདཔ་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *