འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་༤༦ གསལ་སྟོན།

ཆོས་ཉིད་བཟང་མོ།

རྫོང་ཁག་༢༠ ལས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དེ་ འདེམས་ངོ་སྦེ་ ཐོ་བཀོད་འབད་མི་ མི་ངོམ་༤,༨༧༧ འབད་ས་ལས་ ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་དང་ སྲིད་འཛིན་ དེ་ལས་ འབྲེལ་བ་ཡོད་པའི་ འགོ་དཔོན་ཚུ་འཛོམས་ཞིནམ་ལས་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡ ལུ་ དྲག་པའི་ནང་དྲགཔ་ གདམ་ཁ་རྐྱབ་སྟེ་ འདེམས་ངོ་༤༦ མི་མང་ལུ་ གསལ་སྟོན་འབད་ཡོདཔ་ཨིན་པས།

སྲིད་དོན་ཚོགས་པ་གིས་ འདེམས་ངོ་༤༧ འབདཝ་ད་ མི་མང་ལུ་ འདེམས་ངོ་༤༦ གསལ་སྟོན་འབད་ཡོད་རུང་ སྤ་རོ་རྡོབ་དཀར་ཤ་རི་ལས་ འདེམས་ངོ་༡ གསལ་སྟོན་མ་འབད་བར་བཞག་མི་དེ་ འདེམས་ངོ་དེ་གིས་ ཡིག་ཚང་ལས་ དགོངས་ཞུའི་ཡིག་ཆ་ཚུ་ གྲ་སྒྲིག་ མེད་མི་ལུ་བརྟེན་ གསལ་སྟོན་འབད་མ་ཚུགས་པར་ཡོདཔ་ཨིན་པས།

འདེམས་ངོ་དེ་གིས་ དགོངས་ཞུའི་ཡིག་ཆ་ཚུ་ གྲ་སྒྲིག་འགྱོཝ་ཅིག་ མི་མང་ལུ་ གསལ་སྟོན་འབད་ནི་དང་ སྲིད་དོན་ཚོགས་པའི་ནང་ ཐོ་བཀོད་འབད་ནི་ཨིན་ཟེར་ ཚོགས་པའི་སྲིད་འཛིན་ ཌོག་ཊར་ བློ་གྲོས་ཀྱིས་བཤདཔ་ཨིན་པས།

འདེམས་ངོ་༤༦ མི་མང་ལུ་ གསལ་སྟོན་འབད་མི་ཚུ་ཡང་ བུམ་ཐང་ ཆུ་མིག་ཨུ་ར་འདེམས་ཁོངས་ལས་ སྐྱེས་ལོ་༣༢ ལང་མི་ ཕུན་ཚོགས་རྣམ་རྒྱས་ལུ་ ཁག་འབགཔ་ལཱ་གི་ཉམས་མྱོང་དང་ ཆོས་འཁོར་སྟང་ལས་ སྐྱེས་ལོ་༤༠ ལང་མི་ཟླ་བ་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ བརྡ་བརྒྱུདཔ་གི་འགན་ཁག་དང་ བརྡ་བརྒྱུད་ཀྱི་གྲོས་སྟོན་པ་ དེ་ལས་ ཆུ་ཁ་ སྦོང་སྒོར་སྐྱབས་ཆ་འདེམས་ཁོངས་ལས་ སྐྱེས་ལོ་༣༦ ལང་མི་ ཧེ་མ་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ཡོད་མི་ ཚེ་དབང་ལྷ་མོ་དང་ སྐྱེས་ལོ་༤༥ ལང་མི་ དཔལ་འབྱོར་དང་དངུལ་འབྲེལ་གྱི་མཁས་མཆོག་ཡོད་མི་ ཇའི་བཱར་རཱའི་གིས་ ཕུན་ཚོགས་གླིང་འདེམས་ཁོངས་ལས་ བཅའ་མར་གཏོགས་ནི་ཨིན་པས།

འདི་བཟུམ་སྦེ་ དར་དཀར་ན་ འབྲུག་རྗེས་སྒང་རྩེ་ཟ་ལས་ སྐྱེས་ལོ་༥༧ ལང་མི་ འགྲོ་བའི་དབང་ཆ་ནང་ མཁས་མཆོག་ཡོད་མི་ འགྱུར་མེད་དབང་ཕྱུག་དང་ ལྷ་མོའི་རྫིང་ཁ་བཀྲ་ཤིས་ལྡིང་ལས་ སྐྱེས་ལོ་༦༡ ལང་མི་ ཧེ་མ་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་མི་ ཧི་མཎ་གུ་རུང་ གསལ་སྟོན་འབད་ཡོདཔ་ཨིན་པས།

མགར་ས་ཁ་སྟོད་ལ་ཡ་ལས་ སྐྱེས་ལོ་༣༥ ལང་མི་ ཁས་བླངས་ཞབས་ཏོག་གི་ལཱ་འབད་སྡོད་མི་ བསྟན་འཛིན་དང་ ཁ་སྨད་ལུང་ནག་ན་ལས་ སྐྱེས་ལོ་༢༥ ལང་མི་ སྒེར་སྡེ་ཡིག་ཚང་ནང་ ལཱ་འབད་ཡོད་མི་ ཡེ་ཤེས་སྒྲོལམ་གཉིས་ཨིན་མས།

ཧཱ་ སྦྱིས་སྐར་ཚོགས་འདེམས་ཁོངས་ལས་ སྐྱེས་ལོ་༥༢ ལང་མི་ ཧེ་མ་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ཕྱག་ཞུ་ཡོད་མི་ ཨོ་རྒྱན་བསྟན་འཛིན་ དང་ གསང་སྦས་ཁ་ལས་ སྐྱེས་ལོ་༢༩ ལང་མི་ བརྡ་དོན་དང་འཕྲུལ་རིག་འགོ་དཔོན་འབད་ཡོད་མི་ རྡོ་རྗེ་དབང་མོ་ཨིན་པས།

ལྷུན་རྩེ་ སྨན་སྦིས་བཙན་མཁར་ལས་ སྐྱེས་ལོ་༣༩ ལང་མི་ ཞིབ་འཚོལ་འགོ་དཔོན་གྱི་འགན་ཁ་འབག་ཡོད་མི་ ཚེ་རིང་ཕུན་ཚོགས་དང་ སྒང་ཟུར་སྨིན་རྒྱས་ལས་ སྐྱེས་ལོ་༤༣ ལང་མི་ བརྡ་བརྒྱུདཔ་འབད་ཡོད་མི་ ཀུན་དགའ་དཔལ་འབྱོར་ གསལ་སྟོན་འབད་ནུག

མོང་སྒར་ སྐྱེངས་མཁར་ཝི་རིང་ལ་འདེམས་ཁོངས་ལས་ སྐྱེས་ལོ་༥༥ ལང་མི་ དམིགས་བསལ་ཤེས་རིག་ནང་ ལཱ་འབད་ཡོད་མི་ ཀུན་བཟང་འབྲུག་པ་དང་ མོང་སྒར་འདེམས་ཁོངས་ལས་ སྐྱེས་ལོ་༦༣ ལང་མི་ མི་མང་བདག་སྐྱོང་ནང་ ཕྱག་ཞུ་མི་ དྲག་ཤོས་ ཤེས་རབ་རྒྱལ་མཚན་ དེ་ལས་ དགྲ་མེད་རྩེ་སྔ་ཚང་ལས་ སྐྱེས་ལོ་༤༩ ལང་མི་ ཤེས་རིག་གྲོས་སྟོན་པ་དང་ ཞིབ་འཚོལ་པ་ དེ་ལས་ སློབ་སྟོན་པ་སྦེ་ ལཱ་འགན་འབག་ཡོད་མི་ འཇིགས་མེད་རྡོ་རྗེ་ གསལ་བསྒྲགས་འབད་ནུག

སྤ་རོ་ ལམ་གོང་ཝང་ལྕང་འདེམས་ཁོངས་ལས་ སྐྱེས་ལོ་༥༣ ལང་མི་ ཧེ་མ་ སྤྱི་ཚོགས་ཀྱིས་ འཐུས་མི་སྦེ་ ཕྱག་ཞུ་ཡོད་མི་དང་ དུས་ཐུང་གློག་བརྙན་བཟོ་མི་ ཨོ་རྒྱན་ཚེ་རིང་ཨིན་པས།

སྤུ་ན་ཁ་ གླིང་མུ་ཁ་ལས་ སྐྱེས་ལོ་༤༩ ལང་མི་ ཨ་ལོ་མཁས་མཆོག་དང་གསོ་བའི་གྲོས་སྟོན་པ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་ དཀར་སྦི་ས་རྟ་ལོག་ལས་ སྐྱེས་ལོ་༣༣ ལང་མི་ ཚོང་ལས་དང་ འགྲོ་འགྲུལ་གྲོས་སྟོན་པ་ཨིན་མི་ བཙན་སྐྱོགས་དབང་འདུས་ ཨིན་མས།

པདྨ་དགའ་ཚལ་ ངང་ལམ་ལས་ སྐྱེས་ལོ་༤༡ ལང་མི་ བརྡ་དོན་དང་འཕྲུལ་རིག་བཟོ་དཔོན་ ཀརྨ་རྡོ་རྗེ་དང་ ན་ནོང་ཤུ་མར་ལས་ སྐྱེས་ལོ་༦༠ ལང་མི་ ལཱ་གཡོག་ལྷན་ཁག་གི་དྲུང་ཆེན་བགྲེསཔ་ པདྨ་དབང་གྲགས་ དེ་ལས་ མཁར་ཡུ་རུང་ལས་ སྐྱེས་ལོ་༥༧ ལང་མི་ རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་དྲུང་ཆེན་འགྲེསཔ་ ཌོག་ཊར་ཨོ་རྒྱན་ཚེ་དབང་ཚུ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་སྒམ་དར་ལས་ སྐྱེས་ལོ་༣༥ ལང་མི་ ཁས་བླངས་ཞབས་ཏོག་དང་ ཚོང་ལས་འབད་ཡོད་མི་ འཕྲིན་ལས་རྣམ་རྒྱས་དང་ ཇོ་མོ་གཙང་མཁར་མར་ཚྭ་ལ་ལས་ སྐྱེས་ལོ་༤༡ ལང་མི་ མི་སྟོབས་འགོ་དཔོན་གྱིས་ ལཱ་འགན་འབག་ཡོད་མི་ ཨོ་རྒྱན་རྡོ་རྗེ་ཨིན་མས།

བསམ་རྩེ་ ཨོ་རྒྱན་རྩེ་འོད་གསལ་རྩེ་ལས་ སྐྱེས་ལོ་༥༧ ལང་མི་ ཤེས་རིག་ནང་ཕྱག་ཞུ་ཡོད་མི་ དེཤི་ཀུ་མར་པརཱ་ཌན་དང་ རྡོ་ཕུག་ཅན་ རྟ་སྡིང་ལས་ སྐྱེས་ལོ་༤༧ ལང་མི་ སྐྱེལ་འདྲེན་དང་མི་སྡེ་ཞབས་ཏོག་ནང་ལཱ་འབད་ཡོད་མི་ ལོག་ནཌ་ཤར་མ་ དེ་ལས་ བཀྲ་ཤིས་ཆོས་གླིང་ལས་ སྐྱེས་ལོ་༤༥ ལང་མི་ མི་སྡེ་གོང་འཕེལ་མཁས་མཆོག་ཨིན་མི་ དིལ་མཱ་ཡཱ་རའི་ འདི་བཟུམ་སྦེ་ ཕུན་ཚོགས་དཔལ་རི་ བསམ་རྩེ་ལས་ སྐྱེས་ལོ་༤༨ ལང་མི་ ཚོང་འབྲེལ་འཐབ་མི་ གཱ་ནིསི་གི་མེ་རད་ཚུ་ ཨིན་པས།

གསར་སྤང་ ཤོམ་སྤང་ཁ་ལས་ སྐྱེས་ལོ་༤༠ ལང་མི་ ཞི་བའི་བཟོ་དཔོན་ ཊེག་བཱ་དུར་རའི་དང་ དགེ་ལེགས་ཕུག་ལས་ སྐྱེས་ལོ་༤༧ ལང་མི་ ཧེ་མའི་ སྤྱི་ཚོགས་ཀྱི་འཐུས་མི་ ཀརྨ་རྡོ་ནན་དབང་འདུས་ཨིན་མས།

འདི་བཟུམ་སྦེ་ བཀྲ་ཤིས་སྒང་ ར་དི་སག་སྟེང་ལས་ སྐྱེས་ལོ་༣༩ ལང་མི་ ཞི་བའི་བཟོ་དཔོན་ རྡོ་རྗེ་ཚེ་རིང་དང་ བར་མཚམས་ཤོང་ཕུག་ལས་ སྐྱེས་ལོ་༥༢ ལང་མི་ འཛིན་སྐྱོང་མཁས་མཆོག་དང་ འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ལཱ་འགན་འབག་ཡོད་མི་ བསྟན་འཛིན་ལེགས་འཕེལ་ དེ་ལས་ བཀང་ལུང་བསམ་མཁར་ ཨུ་མཛོ་རོང་ལས་ སྐྱེས་ལོ་༣༨ ལང་མི་ ཀུན་གསལ་ལས་འཛིན་ནང་ བརྡ་བརྒྱུདཔ་གི་ལཱ་འགན་འབག་ཡོད་མི་ བསྟན་འཛིན་རྣམ་རྒྱལ་དང་ ཁྲིམས་ཤིང་རྐང་པར་ལས་ སྐྱེས་ལོ་༣༢ ལང་མི་ བརྡ་བརྒྱུདཔ་བགྲེསཔ་དང་ སྐྱོང་བཞག་མཁས་པ་ ཨོ་རྒྱན་རྡོ་རྗེ་ འདི་བཟུམ་སྦེ་ ཝམ་རོང་ཀླུ་མང་ལས་ སྐྱེས་ལོ་༢༩ ལང་མི་ སློབ་སྟོན་པའི་ལཱ་འགན་འབག་ཡོད་མི་ འཇིགས་མེད་དབང་འདུས་ཚུ་ གསལ་སྟོན་འབད་ནུག

ལྷོ་ཐིམ་ཕུག་ལས་ སྐྱེས་ལོ་༥༠ ལང་མི་ ཆབ་བརྟག་རིག་པའི་གྲོས་སྟོན་པ་དང་ ཚོགས་པའི་སྲིད་འཛིན་ ཌོག་ཊར་ བློ་གྲོས་ཚེ་རིང་དང་ བྱང་ཐིམ་ཕུག་ལས་ སྐྱེས་ལོ་༤༢ ལང་མི་ སྙིང་ནད་མཁས་མཆོག་དང་ མི་མང་གསོ་བའི་མཁས་མཆོག་ བདེ་ཆེན་དབང་མོ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

བཀྲ་ཤིས་གཡང་རྩེ་ བུམ་སྡེ་གླིང་འཇམ་མཁར་ལས་ སྐྱེས་ལོ་༥༩ ལང་མི་ ཞི་གཡོག་ལྷན་ཚོགས་ཀྱི་ལྷན་འཛིན་བགྲེསཔ་ སངས་རྒྱས་རྡོ་རྗེ་ དང་ ཁམ་དྭངས་རམ་སྦྱར་ལས་ སྐྱེས་ལོ་༤༨ ལང་མི་ ཚོང་ལས་བདག་སྐྱོང་པ་ ཀརྨ་རྒྱལ་མཚན་ཨིན་མས།

ཀྲོང་གསར་ ནུ་སྦིས་སྟང་སི་སྦྱིས་ལས་ སྐྱེས་ལོ་༥༤ ལང་མི་ རང་བཞིན་གནས་སྟངས་དང་ཞི་བའི་བཟོ་དཔོན་ ཡེ་ཤེས་དཔལ་འབྱོར་དང་ བྲག་སྟེང་གླང་མཐིལ་ལས་ སྐྱེས་ལོ་༤༡ ལང་མི་ རང་བཞིན་མཐའ་འཁོར་གནས་སྟངས་ནང་ མཁས་མཆོག་ཡོད་མི་དང་ ནགས་སྐྱོང་པ་འབད་ཡོད་མི་ རྒནམ་རྡོ་རྗེ་ཨིན་པས།

རྩི་རང་ གསེར་གྱི་ཐང་ རྩི་རང་སྟོད་ལས་ སྐྱེས་ལོ་༣༤ ལང་མི་ བརྡ་དོན་བཟོ་དཔོན་ གར་རྒྱ་མཎ་རའི་དང་ དཀྱིལ་འཁོར་ཐང་མནྜལ་སྒང་ལས་ སྐྱེས་ལོ་༣༢ ལང་མི་ བི་མལ་ཐཱ་པ་ཨིན་པས།

དབང་འདུས་ཕོ་བྲང་ ཉི་ཤོག་སྲས་ཕུག་ལས་ སྐྱེས་ལོ་༥༣ ལང་མི་ སློབ་སྟོན་པ་ དབང་ཕྱུག་རྣམ་རྒྱལ་དང་ ཨ་ཐང་ཐེད་ཚོ་ལས་ སྐྱེས་ལོ་༣༧ ལང་མི་ ཚོང་ལས་འབད་མི་དང་ བརྡ་བརྒྱུད་གྲོས་སྟོན་པ་ ཀུན་ལེགས་དབང་ཕྱུག་ཨིན་པས།

གཞལམ་སྒང་ བར་རྡོ་ཀྲོང་ལས་ སྐྱེས་ལོ་༣༨ ལང་མི་ ཤེས་རིག་ནང་ཕྱག་ཞུ་ཡོད་མི་ བསོད་ནམས་ལེགས་སྐྱིད་དང་ སྤན་སྦང་ལས་ སྐྱེས་ལོ་༤༥ ལང་མི་ སློབ་སྟོན་པ་ ཚེ་རིང་འདི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

 

 

 

 

 

Leave a Reply

Your email address will not be published. Required fields are marked *