འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་ ལམ་འགྲུལ་ཐེངས་༢ པ་ འགོ་འདྲེན་འཐབ་པའི་བསྒང་།

པདྨ་གཡུ་སྒྲོན།

ལྟ་བཤལ་ལམ་སྟོན་པ་ ཚེ་རྟེན་རྡོ་རྗེ་དང་ འཆི་མེད་གཉིས་ཀྱི་ ཟླཝ་ངོ་༢ གི་ཧེ་མ་ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཁ་ཐུག་གི་ ལམ་འགྲུལ་ཐེངས་དང་པ་འདི་ མཇུག་བསྡུ་སྟེ་ ད་རེས་ཀྱི་ སྤྱི་ཚེས་༥ ལུ་ བཀྲིས་སྒང་ལྕགས་ཟམ་ལས་ ལམ་འགྲུལ་འགོ་བཙུགས་ཏེ་ བཀྲིས་གཡང་རྩེ་ དོགས་པ་ཟུར་ཚུན་ ཉིནམ་གཅིག་གིས་ ལམ་འགྲུལ་མཇུག་བསྡུ་ཡོདཔ་ཨིན་པས།

ལམ་འགྲུལ་འགོ་བཙུགས་པའི་སྐབས་ བཀྲིས་སྒང་གི་དྲག་ཤོས་རྫོང་རབ་དང་ རྫོང་ཁག་གི་འགོ་དཔོན་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་འགོ་དཔོན་ དེ་ལས་ ཤེས་རབ་རྩེ་ལུ་ཡོད་པའི་ འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་འཐུས་མི་ཚུ་དང་ བཀྲིས་སྒང་རྫོང་ཁག་ གསོ་བའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་འབད་དེ་ བཀྲིས་གཡང་རྩེ་ དོགས་པ་ཟུར་གྱི་ ས་གནས་ལུ་ལྷོདཔ་ད་ བཀྲིས་གཡང་རྩེ་གི་ རྫོང་ཁག་གསོ་བའི་འགོ་དཔོན་དང་ ལམ་སྲོལ་འགོ་དཔོན་ དྲུང་འཚོ་ཆ་ཁྱབ་ཀྱིས་ བསུ་ལེན་འབད་ཡོདཔ་ཨིན་པས།

ལམ་འགྲུལ་འབད་བའི་སྐབས་ལུ་ མཁལ་རྡོག་གི་ནད་གཞི་དང་འབྲེལ་བའི་ གོ་བརྡའི་ལས་རིམ་སྤེལ་ཏེ་ ནད་གཞི་སྨན་བཅོས་འབད་ནི་དོན་ལུ་ མ་དངུལ་བསྡུ་ལེན་འབད་ནི་ཨིན་པས།

ད་རེས་ཀྱི་ ལམ་འགྲུལ་ཐེངས་༢ པའི་སྐབས་ལུ་ ཐེངས་དང་པའི་ ལམ་འགྲུལ་བཟུམ་སྦེ་ རྫོང་ཁག་ལས་ རྫོང་ཁག་བརྒྱུད་དེ་ མཁལ་རྡོག་ནད་གཞི་གི་ གནད་དོན་ཐོག་ལུ་ གོ་བརྡ་སྤེལ་ཐོག་ལས་ ལམ་འགྲུལ་འབད་ནི་ཨིན་པས།

བཀྲིས་སྒང་ལྕགས་ཟམ་ལས་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཉིནམ་གཅིག་གི་ལམ་འགྲུལ་གྱི་སྐབས་ལུ་ མ་དངུལ་འབུམ་༥,༧༣,༩༤༣ བསྡུ་ལེན་འབད་ཚུགས་ཏེ་ ཡོདཔ་ཨིན་པས།

འགོ་ཐོག་ལམ་འགྲུལ་འདི་ཡང་ བསམ་གྲུབ་ལྗོངས་མཁར་ལས་ ཐིམ་ཕུག་ཁ་ཐུག་ ཀི་ལོ་མི་ཊར་༧༣༨ གི་ ལམ་འགྲུལ་འབད་དེ་ འབྲུག་མཁལ་རྡོག་གཞི་ཚོགས་ལུ་ མ་དངུལ་ས་ཡ་༦ བསྡུ་ལེན་འབད་དེ་ བརྩིས་སྤྲོད་ཚུགས་ཏེ་ ཡོདཔ་ཨིན་པས།

ཁོང་ ལྟ་བཤལ་ལམ་སྟོན་པ་གཉིས་ཀྱི་ འབྲུག་མཁལ་རྡོག་གཞི་ཚོགས་ལུ་ ལམ་འགྲུལ་ཐོག་ མཁལ་རྡོག་ནད་གཞི་གི་ གོ་བ་བརྡ་སྤྲོད་སྤེལ་ཏེ་ མ་དངུལ་བསྡུ་ལེན་འབད་བ་ཅིན་ ཕན་ཐོགས་འབྱུང་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ ལྟ་བཤལ་ལམ་སྟོན་པ་ཚེ་རྟེན་རྡོ་རྗེ་གིས་ ཐབས་ཤེས་བཟང་པོ་ཅིག་སྟོན་ཏེ་ ཁོ་གིས་ཆ་རོགས་སྦེ་ ལྟ་བཤལ་ལམ་སྟོན་པ་ འཆི་མེད་གིས་ཡང་ ལམ་འགྲུལ་ལེགས་ཤོམ་འགྱོ་ནི་དོན་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

འབྲུག་མཁལ་རྡོག་གཞི་ཚོགས་ཀྱི་དོན་ལུ་ འདི་བཟུམ་གྱི་ ཐབས་ཤེས་སྟོན་ཏེ་ ལག་ལེན་འཐབ་མི་འདི་གི་ ད་ལས་ཕར་ མི་སྡེ་ནང་ མི་མང་ལུ་ མཁལ་རྡོག་ནད་གཞི་ཚུ་གིས་སྐོར་ལས་ ཤེས་ཡོན་ལེགས་ཤོམ་སྦེ་ སྤེལ་ཚུགས་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་མ་ཚད་ ལམ་འགྲུལ་དང་གཅིག་ཁར་ གོ་བ་བརྡ་སྤྲོད་འབད་དེ་ ནད་གཞི་མར་ཕབ་རྐྱབ་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ལྟ་བཤལ་ལམ་སྟོན་པ་ ཚེ་རྟེན་དང་ འཆི་མེད་གཉིས་ཀྱིས་ ཀི་ལོ་མི་ཊར་༡,༡༢༥ དེ་ཅིག་གི་བརྩིས་ ལམ་འགྲུལ་འབད་བའི་སྐབས་ལུ་ འཚོ་བའི་གནས་སྟངས་སྒྲིང་སྒྲིང་བཟོ་ཐབས་དང་ མཁལ་རྡོག་གི་ནད་གཞི་ བཀག་ཐབས་ཀྱི་ ཐབས་ལམ་ཐོག་ལུ་ མི་མང་ལུ་ གོ་བ་བརྡ་སྤྲོད་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན་པས།

བཀྲིས་གཡང་རྩེ་རྫོང་ཁག་བརྒྱུད་དེ་ ལྷུན་རྩེ་ པད་མ་དགའ་ཚལ་ གསར་སྤང་ རྩི་རང་ དར་དཀར་ན་ ཆུ་ཁ་ བསམ་རྩེ་ ཧཱ་ སྤ་རོ་ དེ་ལས་ མཇུག་ར་ མགར་ས་རྫོང་ཁག་ནང་ལུ་ རྒྱལ་ཡོངས་ལ་ཁ་མཐོ་སའི་ དུས་སྟོན་བརྩི་སྲུང་དང་འབྲེལ་ ལམ་འགྲུལ་འདི་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *