འབྲུག་དངུལ་ཁང་གིས་ ཚོང་འབྲེལ་གྲོས་འཆར་༣ ལུ་ གྲོགས་རམ།

འཇིགས་མེད་བསྟན་འཛིན།

འབྲུག་གི་དངུལ་ཁང་གིས་ ལཱ་གཡོག་མེད་མི་ ན་གཞོན་ཚུ་གིས་ འཚོ་ཐབས་ཡུན་བརྟན་གྱི་དོན་ལུ་ ཚོང་འབྲེལ་གྱི་གྲོས་འཆར་ དྲག་ཤོས་གདམ་འཐུ་འབད་ཐོག་ལས་ རྒྱབ་སྐྱོར་འབད་ནི་ཨིན་པས།

དེ་ཡང་ རྒྱལ་ཁབ་ནང་ འགོ་དང་པ་ འབྲུག་གི་དངུལ་ཁང་གིས་ ཚོང་འབྲེལ་གྱི་གྲོས་འཆར་བཙུགས་མི་ དྲག་ཤོས་ཁག་མ་འདྲཝ་༣ ལུ་ མ་དངུལ་གྱི་གྲོགས་རམ་འབད་ནི་ཨིན་པས།

ཚོང་འབྲེལ་གྱི་གྲོས་འཆར་བཙུགས་མི་ ན་གཞོན་༣ ལུ་ མ་དངུལ་མཐོ་ཤོས་འབུམ་༥ ལུ་ སྐྱེད་བརྒྱ་ཆ་ལས་༨.༥ སྦེ་ བྱིན་ནི་ཨིནམ་ད་ དངུལ་ལོག་སྤྲོད་ནིའི་དུས་ཡུན་ཡང་ ཚོང་འབྲེལ་འགོ་བཙུགས་ཞིནམ་ལས་ ལོ་ངོ་༡༠ གྱི་དུས་ཡུན་ལུ་ བྱིན་ནི་ཨིན་པས།

འབྲུག་གི་དངུལ་ཁང་གིས་ ལས་སྡེ་གཙོ་རིམ་གྱི་སྐྱིན་འགྲུལ་ཟེར་ སོ་ནམ་ལས་སྣའི་སྐྱིན་འགྲུལ་མེན་པའི་ སྐྱིན་འགྲུལ་གྱི་རིགས་ཚུ་ནང་ སྐྱེད་བརྒྱ་ཆ་༨.༥ ཡོད་མི་དང་འཁྲིལ་ཏེ་ བྱིན་ནི་ཨིན་པས།

ལས་རིམ་དེ་ ན་གཞོན་ཚུ་གིས་ ཚོང་འབྲེལ་གྱི་གནས་སྐབས་ ཡར་དྲག་གཏང་ཐབས་དང་ དངུལ་ཁང་གི་སློབ་སྟོན་ཐོག་ལས་ ཚོང་འབྲེལ་གྱི་ འཆར་གཞི་གོང་འཕེལ་གཏང་ནི་ དེ་ལས་ མ་དངུལ་ཚུ་ ལེགས་ཤོམ་སྦེ་ སྤྱོད་ཚུགས་ནི་ལུ་ འགན་ཁུར་ཡར་དྲག་གཏང་ནི་ འདི་བཟུམ་སྦེ་ ན་གཞོན་ཚུ་ གྲལ་གཏོགས་འབད་ཐབས་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།

རྒྱལ་ས་ལུ་འབད་བ་ཅིན་ ལཱ་གཡོག་འཚོལ་མིའི་གྱངས་ཁ་ མཐོ་ཤོས་ཡོདཔ་ལས་ ཚོང་འབྲེལ་གྱི་གྲོས་འཆར་བཙུགས་མི་༥༠ དེ་ཅིག་འོང་པའི་རེ་འདོད་ཡོདཔ་ད་ ལས་རིམ་དེ་ནང་ གསལ་ཞུ་འབད་ནི་རྐྱངམ་གཅིག་མེན་པར་ ལམ་སྟོན་དང་ སློབ་སྟོན་འབད་དགོཔ་ལས་བརྟེན་ མི་ངོམ་༥༠ ལས་བརྒལ་ཏེ་ གྲོས་འཆར་ལེ་ཤ་ ལེན་མི་ཚུགས་ནི་ཨིན་པས།

དེ་ཡང་ འབྲུག་གི་དངུལ་ཁང་གིས་ སྤྱི་ཟླ་འདི་གི་ སྤྱི་ཚེས་༡༡ ལས་༡༤ ཉིན་གྲངས་༤ གི་རིང་ལུ་ སློབ་རིམ་༡༠ ལས་ཡར་བཅད་ཚུ་ལུ་ གཙོ་བོ་ར་ ཚོང་འབྲེལ་གྱི་གྲོས་འཆར་འབྲི་ཐངས་དང་ གནས་སྐབས་ཡོད་རུང་ མ་དངུལ་མེད་མི་ཚུ་ལུ་ གྲོས་འཆར་བཟོ་ནིའི་ གྲོགས་རམ་འབད་དེ་ གྲོས་འཆར་བཙུགས་ནི་ལུ་ ཟླ་ངོ་༡ གི་དུས་ཡུན་བྱིན་ནི་ཨིན་མས།

ལས་རིམ་ནང་ བཅའ་མར་གཏོགས་མི་ལུ་ དངུལ་ཁང་གི་སྐྱིན་འགྲུལ་དང་ ཞབས་ཏོག་ཁག་མ་འདྲཝ་ དེའི་དམིགས་དོན་ དེ་ལས་ དངུལ་ཁང་གི་ གཞི་རྟེན་ལས་སྣ་ཚུ་གི་ གོམས་འདྲིས་ཚུད་ཐབས་ལུ་ སློབ་སྟོན་འབད་ནི་ཨིན་པས།

འབྲུག་གི་དངུལ་ཁང་གི་ སྐྱིན་འགྲུལ་འགོ་དཔོན་ དཀོན་མཆོག་དཔལ་མོ་གིས་སླབ་མིའི་ནང་ ལས་རིམ་འདི་ ལུང་ཕྱོགས་༤ ནང་ འགོ་བཙུགས་ནིའི་འཆར་གཞི་ཡོད་རུང་ ད་ལྟོ་ ཐིམ་ཕུག་ལུ་ མི་ཚུ་གིས་ གདོང་ལེན་འབད་མི་དང་ བསམ་འཆར་བཀོད་མི་ དེ་ལས་ མི་མང་གྲལ་གཏོགས་འབད་ཚུགས་པའི་ གནས་སྟངས་དང་བསྟུན་ཏེ་ འགོ་བཙུགས་ནི་ཟེར་ཨིན་པས།

ད་རུང་ མོ་གིས་ གྲོས་འཆར་དྲག་ཤོས་༣ གདམ་འཐུའི་དོན་ལུ་ རྐྱངམ་གཅིག་མེན་པར་ མི་ཚུ་གི་བསམ་སྤྱོད་དང་ འགན་ཁུར་འབག་ཚུགསཔ་དགོཔ་ལས་ མ་དངུལ་འབུམ་༥ བྱིན་ནི་ཨིན་མི་དེ་ ཚོང་འབྲེལ་ཆུང་བ་འགོ་བཙུགས་ནི་དང་ རང་གི་འཚོ་སྐྱོང་ ཡུན་བརྟན་གྱི་དོན་ལུ་ མ་རྩ་ལེགས་ཤོམ་ཅིག་ཨིན་ཟེར་ བཤད་ཅི།

ཚོང་འབྲེལ་གྲོས་འཆར་གྱི་དོན་ལུ་ ཚད་གཞི་ག་ནི་ཡང་མེདཔ་ལས་ མི་མང་གི་བཅའ་མར་གཏོགས་ཚུགསཔ་མ་ཚད་ གཞི་རྟེན་དང་ སྤྱིར་བཏང་ སྦྱོང་བརྡར་ཅིག་འབདཝ་ལས་ ག་གི་ཡང་ཧ་གོ་ཚུགས་ཟེར་ ཨིན་པས།

གྲོགས་རམ་ཐོབ་མི་ཚུ་གིས་ ཚོང་འབྲེལ་འགོ་བཙུགས་ཏེ་ ལོ་ངོ་༢ ཚུན་ འབྲུག་གི་དངུལ་ཁང་གི་ ལྟ་རྟོག་འབད་ནི་ཨིནམ་བཞིན་དུ་ ལས་རིམ་དེ་ཡང་ འབྲུག་གི་དངུལ་ཁང་གིས་ རྒྱལ་ཁབ་ནང་ ཞབས་ཏོག་ཁག་མ་འདྲཝ་བྱིན་ཏེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་ལས་རིམ་ཅིག་སྦེ་ འགོ་བཙུགས་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *