འབྲུག་ཀུན་མཉམ་ཚོགས་པ་གིས་ སྤྱི་ཚོགས་༣ པའི་ བཙག་འཐུའི་དོན་ལུ་གྲ་སྒྲིག

དབྱངས་ཅན་ལྷ་མོ།

འབྲུག་ཀུན་མཉམ་ཚོགས་པ་འདི་ འབྲུག་གི་བཙག་འཐུ་ལྷན་ཚོགས་ནང་ སྤྱི་ལོ་༢༠༡༣ ལུ་ ཐོ་བཀོད་གྲུབ་ནུག

ཚོགས་པའི་གཙོ་འཇིན་གྱིས་སླབ་མིའི་ནང་ ཚོགས་པའི་བལྟ་བ་དང་ དམིགས་ཡུལ་གཙོ་བོ་ར་ རྒྱལ་ཁབ་དང་ མི་སེར་ལུ་ ལྷག་བསམ་རྣམ་དག་གི་ཐོག་ལས་ ཕྱག་ཕྱིད་ཞུ་ནི་དང་ དམངས་གཙོའི་ལམ་ལུགས་ སྒྲིང་སྒྲི་བཟོ་ནི་དེ་ཨིན་ཟེར་ བཤདཔ་ཨིན་པས།

ཚོགས་པ་དེ་གིས་ བཅའ་ཁྲིམས་བཟོ་ཡོད་མི་དང་འཁྲིལ་བ་ཅིན་ འདེམས་ངོ་ བརྒྱ་ཆ་ལས་༣༠ དེ་ཅིག་ ཨམ་སྲུ་ཆ་ཁྱབ་ལུ་ གོ་སྐབས་བྱིན་ནི་སྦེ་ཡོད་རུང་ ཨམ་སྲུ་འདེམས་ངོ་སྦེ་ཐོན་མི་ གནམ་མེད་ས་མེད་ཅིག་མིན་འདུག་ཟེར་བཤད་ཅི།

མི་སེར་ཚུ་གི་འབད་དེ་འབད་རུང་ བཙག་འཐུའི་སྐབས་ལུ་ རང་གི་མི་ཨིན་ཟེར་ ཚོགས་རྒྱན་སྐྱུར་ནི་དང་ ཆ་རོགས་ཀྱིས་ ཚོགས་རྒྱན་བཙུགས་ཟེར་སླབ་མི་ལུ་ སྐྱུར་ནི་མེན་པར་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ འཕྲས་ཕུགས་གཉིས་ལུ་ ཕན་ཐོགས་པའི་ཚོགས་པ་འདི་ བཙག་འཐུ་འབད་དགོཔ་དེ་ འབྲུག་མི་རེ་རེ་བཞིན་དུ་ལུ་ འགན་ཁག་ཕོགཔ་ཨིན་ཟེར་ཨིན་པས།

དེ་འབདཝ་ལས་ འབྲུག་མི་ཚུ་གི་ར་འབད་རུང་ ཚོགས་རྒྱན་སྐྱུར་པའི་སྐབས་ལུ་ ཐུགས་བསམ་ལེགས་ཤོམ་སྦེ་གནང་སྟེ་ ཚོགས་རྒྱན་བཙུགས་པ་ཅིན་ ཤུལ་མམ་ རང་གི་འབད་བའི་ལཱ་ལུ་ བློ་འགྱོད་མི་འབྱུང་ཟེར་ཨིན་པས།

འདི་བཟུམ་སྦེ་ རྒྱལ་ཁབ་ལུ་ཡང་ ཕན་ཐོགས་པའི་ཚོགས་པ་ བཙག་འཐུ་འབད་ཚུགས་ཟེར་བཤདཔ་ཨིན་པས།

འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ འགྱོ་མི་དེ་ ག་ནི་བ་ཡང་ ཁག་ཆེ་ཤོས་ཅིག་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་སློབ་བཟང་པོ་གནང་མི་དེ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ ལག་ལེན་འཐབ་དགོཔ་ ཁག་ཆེ་བའི་ནང་ལས་ཡང་ འབད་ཚུགསཔ་དང་མ་ཚུགསཔ་གི་ཁྱད་པར་མེན་པ་ འབད་མ་འབད་ཀྱི་ཁྱད་པར་ཨིན་ཟེར་ གསུངས་མི་དེ་ ལྷག་པར་དུ་ འགན་ཁུར་འབག་དགོཔ་ཨིན་ཟེར་བཤད་ཅི།

སྲིད་འཛིན་འོགམ་གྱིས་སླབ་མིའི་ནང་ བཙག་འཐུའི་སྐབས་ མི་སེར་ཚུ་ལུ་ ནང་གསུག་བྱིན་ཏེ་ ཚོགས་རྒྱན་བཙུགས་བཅུག་སྟེ་ ཚོགས་པ་དེ་གིས་ བཙག་འཐུ་འགྲུབ་སྟེ་ར་འབད་རུང་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་མི་ཚུགས་ཟེར་ཨིན་པས།

ཚོགས་པ་དེ་གིས་ འབྲུག་གི་རྩ་བ་གསུམ་ལུ་ ཕྱག་ཞུ་ནིའི་དོན་ལུ་ ཐབས་ཤེས་ཀྱི་སྒོ་ལས་ ལཱ་ཚུ་སེམས་ཁར་བཀལ་ཏེ་འབད་དོ་ཟེར་ཨིན་མས།

འབྲུག་ཀུན་མཉམ་ཚོགས་པ་གིས་ རྫོང་ཁག་མང་ཤོས་ཅིག་ནང་ལས་ཕར་ ཡན་ལག་ཡིག་ཚང་རེ་ གཞི་བཙུགས་འབད་དེ་ཡོདཔ་མ་ཚད་ འཕྲལ་མགྱོགས་ར་ ཡན་ལག་ཡིག་ཚང་མེད་མི་ རྫོང་ཁག་ཚུ་ནང་ ཡིག་ཚང་གཞི་བཙུགས་འབད་ནི་ཨིན་པས།

ད་ལས་ཕར་ མི་སེར་ཚུ་གི་ འབྲུག་ཀུན་མཉམ་ཚོགས་པའི་ ཡན་ལག་ཡིག་ཚང་དེ་ རང་སོའི་རྫོང་ཁག་ནང་ མཐོང་ཚུགས་ནི་ཨིན་མས།

ཚོགས་པ་གིས་བཀོད་མིའི་ནང་ འདེམས་ངོ་༤༧ དགོཔ་བཞིན་དུ་ ཚོགས་པ་ལུ་ འདེམས་ངོ་ག་ར་ཚང་སྟེ་ཡོདཔ་ལས་ སྤྱི་ཚོགས་༣ པའི་བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་བཤདཔ་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *