འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་གནད་དོན་གུ་ ཁྲིམས་ཀྱི་འདུན་སར་ལས་ ཁྲིམས་དཔྱད་བཀའ་རྒྱ་ལུ་བསྒུག་དོ་ཡོདཔ།

ཆོས་ཉིད་བཟང་མོ།

འདས་པའི་ཟླཝ་དེ་ནང་ རྒྱལ་ས་ལུ་ཡོད་པའི་ སློབ་གྲྭའི་དབུ་འཛིན་འོག་མ་ཅིག་གིས་ ཁོ་རའི་ སློབ་ཕྲུག་སྐྱེས་ལོ་༩ ལས་༡༤ གི་བར་ན་འབད་མི་ བུམོ་༩ ལུ་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་ གནད་དོན་ཐོག་ལུ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱིར་བའི་བསྒང་ར་ཡོདཔ་ཨིན་པས།

གནད་དོན་དེའི་ཐོག་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ རྩོད་གཞི་འགོ་ཁྲིདཔ་འབད་མི་གིས་ ཉམས་རྒུདཔ་བུམོ་ལུ་ དོགས་ཅན་སློབ་དཔོན་གྱིས་འབད་ཡོད་པའི་ བྱ་ངན་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ ཁྲིམས་ཀྱིས་འདུན་སར་ཞུ་ཡོདཔ་ད་ ཉེས་འཛུགས་ཅན་ཕོ་སྐྱེས་དེ་གིས་ འདས་པའི་ལོ་རྒྱུས་ཚུ་ ཁ་གསལ་སྦེ་ ཁྲིམས་ཀྱི་འདུན་སར་ ཕུལ་ཡོདཔ་ཨིན་པས།

ཨིན་རུང་ ཉེས་འཛུགས་ཅན་ཕོ་སྐྱེས་དེ་གིས་ ད་ལྟོའི་བར་ན་ཡང་ བྱ་ངན་འབད་ཡོདཔ་སྦེ་ ཁ་བཟེད་མ་བཏུབ་པར་ཡོད་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ ཁྲིམས་ཀྱི་འདུན་སར་ ཁ་གསལ་ཕུལ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ སྤྱི་ཚེས་༢༨ ལུ་ ཁྲིམས་ཀྱི་འདུན་སར་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ དོགས་ཅན་དེ་གིས་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་ ག་བཟུམ་ཅིག་ལུ་ སླབ་ནི་ཨིན་ནའི་དོན་དག་དང་ དོགས་ཅན་དེ་གིས་ འདོད་སྤྱོད་གནོད་འཚེ་འབད་ཡོད་མེད་ ག་དེ་སྦེ་ བློ་གཏད་ནི་ཨིན་ནའི་སྐོར་ལས་ སྒྲུབ་བྱེད་ཕུལ་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་འབད་བ་ཅིན་ འདོད་སྤྱོད་གནོད་འཚེ་དེ་ལུ་ དོན་དག་དེ་སྦེ་ཨིན་ཟེར་ ཐད་ཁར་མེདཔ་ལས་ ཁོང་གིས་ ཁྲིམས་ལུགས་སྐོར་ལས་ ཞིབ་འཚོལ་འབད་མི་དང་འཁྲིལཝ་ད་ སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ལུ་ གནད་དོན་འདི་བཟུམ་ འབྱུང་འབདཝ་ད་ འདོད་སྤྱོད་གནོད་འཚེ་འབད་ཡོདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་བཞིན་དུ་ སྐྱེས་ལོ་༡༨ ཡར་བཅད་འབད་མི་ཚུ་ལུ་ རྐྱེན་ངན་འབྱུང་པ་ཅིན་ འཆལ་སྤྱོད་བཙོང་བ་ལུ་ ཉེས་བཙུགས་འབད་དགོཔ་འདུག་ཟེར་ ཤེས་རྟོགས་བྱུང་ཡོདཔ་ལས་ ཁྲིམས་ཀྱི་འདུན་སར་ ཁ་གསལ་ཞུ་ཡོདཔ་ཨིན་པས།

ད་རུང་ ཁྲིམས་ཀྱི་འདུན་སར་ལས་ བཀའ་རྒྱ་གནངམ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ རྩོད་གཞི་འགོ་ཁྲིདཔ་འབད་མི་གིས་ སྤྱི་ཟླ་༦ པའི་སྤྱི་ཚེས་༢༩ ལུ་ བདེན་ཁུངས་སྒྲུབ་བྱེད་སྦྲགས་ཏེ་བཀོད་ཡོདཔ་ད་ ཉམས་རྒུདཔ་བྱུང་མི་ སློབ་ཕྲུག་བུམོ་ཚུ་དང་ འབྱུང་རྐྱེན་བྱུང་བའི་སྐབས་ མིག་མཐོང་འབད་མི་ འཛོམས་དཔང་ཚུ་ཡང་འབོ་ཞིན་ན་ ཁྲིམས་ཀྱི་འདུན་སར་ འདྲི་ཞིབ་ འབད་ཡོདཔ་ཨིན་པས།

དེ་མ་ཚད་ ཁྲིམས་ཀྱི་འདུན་སར་ ཉམས་རྒུདཔ་ཚུ་དང་ མིག་མཐོང་འབད་མི་ འཛོམས་དཔང་ཚུ་འབོ་སྟེ་ འདྲི་ཞིབ་འབད་རུང་ ཁོང་ག་ར་ལས་ འདོད་སྤྱོད་གནོད་འཚེ་འབད་ཡོད་པའི་གནད་དོན་ ཅོག་འཐདཔ་ཐོན་ཡོདཔ་སྦེ་ཨིན་པས།

མིག་མཐོང་འབད་མི་ འཛོམས་དཔང་ཚུ་གིས་སླབ་མིའི་ནང་ སློབ་གྲྭའི་དུས་ཚོད་ཀྱི་སྐབས་ བུཚ་ཚུ་ལུ་ དེ་བཟུམ་མི་འབད་བས་ དེ་འབདཝ་ད་ བུམོ་ཆ་ཁྱབ་ལུ་ གཟུགས་ཁར་ག་ཐོབ་དཀྲོག་ནི་ཟེར་ སླབ་ཡོདཔ་བཞིན་དུ་ ཉམས་རྒུདཔ་ལ་ལུ་ཅིག་གིས་འབད་བ་ཅིན་ དོགས་ཅན་དེ་ལུ་བལྟ་སྟེ་ དབུགས་འགམ་པའི་ཤུགས་ཀྱི་ སྔུ་ཡི་རང་སྡོད་དགོཔ་བྱུང་ཡི་ཟེར་ བཤདཔ་ཨིན་པས།

འདས་པའི་ཟླཝ་ནང་ དོགས་ཅན་ཁ་ཐུག་ལས་ ཉམས་རྒུདཔ་བུམོ་དེ་གིས་ སྙན་ཞུ་འབད་མི་འདི་ མི་བདེན་ ཤོབ་རྐྱབ་མས་ཟེར་ སླབ་ཡོདཔ་ལས་ ཁ་བཟེད་མ་བཏུབ་པར་ཡོད་རུང་ ཁྲིམས་ཀྱི་འདུན་སར་ལས་ སློབ་ཁང་དེ་ནང་གི་ སློབ་ཕྲུག་བུཚ་ཚུ་གིས་ མཐོང་ཡོདཔ་སྦེ་ སླབ་ཡོད་མི་ལུ་བརྟེན་ སྒྲུབ་བྱེད་དང་བདེན་རྟགས་བཏོན་ཡོདཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ རྩོད་གཞི་འགོ་ཁྲིདཔ་འབད་མི་གིས་ བཤད་ཡོདཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ དོགས་ཅན་དེ་ལུ་ ཉེས་འཛུགས་ཁག་༨ དེ་ཅིག་བཀལ་ཡོདཔ་སྦེ་ཨིནམ་ད་ ཉེས་འཛུགས་རེ་ལུ་ བཙོན་ཁྲིམས་རེ་སྨིན་དགོ་པའི་ཁར་ བཙོན་ཁྲིམས་མཐོ་ཤོས་སྨིན་དགོཔ་སྦེ་ ཁྲིམས་ཀྱི་འདུན་སར་ཞུ་ཡོདཔ་ཨིན་པས།

ཨིན་རུང་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ག་དེམ་ཅིག་ཕོག་ག་ སླབ་མི་ཤེས་ནི་ཨིནམ་ལས་ འཕྲལ་མགྱོགས་ར་ ཁྲིམས་ཀྱི་འདུན་སར་ལས་ ཁྲིམས་ཀྱི་གྲོས་ཆོད་བཏོན་ནི་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *