འགྲུལ་འཕྲིན་ལག་ལེན་འཐབ་སྟེ་ གསར་འགྱུར་གྱི་ལཱ་འབད་ནི་གི་ སྦྱོང་བརྡར་ལས་རིམ།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་སྤྱི་ཚེས་༧ ལུ་ ཐིམ་ཕུག་ལུ་སྦེ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་ འགྲུལ་འཕྲིན་ལག་ལེན་འཐབ་སྟེ་ གསར་འགྱུར་གི་ལཱ་འབད་ནི་དོན་ལུ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ལུ་  སྒེར་གྱི་གསར་ཤོག་དང་ལས་འཛིན་ཚུ་ལས་ བརྡ་བརྒྱུདཔ་༢༢ དེ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

འདི་བཟུམ་གྱི་སྦྱོང་བརྡར་གྱིས་ མི་སྡེ་ནང་ལུ་ དུས་ཀྱི་འགྱུར་བ་དང་ འཕྲུལ་རིག་ཡར་དྲག་འགྱོ་མི་དང་འཕྲིལ་ཏེ་ གནས་ཚུལ་ཚུ་ འདི་འཕྲོ་ལས་ མི་མང་ལུ་ ཁྱབ་སྤེལ་བཏང་ནི་དོན་ལུ་ གནས་ཚུལ་གྱི་ གཞི་རྟེན་ཚུ་ གསར་ཤོག་ནང་རྐྱངམ་གཅིག་མེན་པར་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ སྤུས་ཚད་དང་ལྡན་པའི་ པར་དང་དུས་ཐུང་གློག་བརྙན་གྱི་ཐོག་ལས་ བཏོན་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

འགྲུལ་འཕྲིན་ཐོག་ལས་ གསར་འགྱུར་གྱི་ལཱ་འབད་བའི་སྐབས་ལུ་ དུས་ཡུན་ཐུང་ཀུ་ཅིག་ནང་ར་ ཟད་འགྲོ་ཉུང་སུ་ཅིག་སྦེ་ ཕན་ནུས་ཅན་ཅིག་གི་ཐོག་ལས་ གནས་ཚུལ་དང་པར་ཚུ་བཙུགས་ཏེ་ མི་ངོམ་གཅིག་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ཁྱབ་སྤེལ་བཏང་ཚུགས་པའི་ ཁེ་ཕན་ཡོདཔ་ཨིན་པས།

སྦྱོང་བརྡར་ལས་རིམ་གྱི་སྐབས་ལུ་ བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་དང་འབྲེལ་བའི་ དུས་ཐུང་གློག་བརྙན་བཟོ་སྟེ་ སྤུས་ཚད་ཅན་གྱི་ པར་བཏབ་ཐངས་དང་ པར་བཏབ་པའི་སྐབས་ པར་ཆས་ཀྱི་ཟུར་བཏོན་ཐངས་དང་ དུས་ཐུང་གློག་བརྙན་བཟོ་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡོདཔ་ཨིན་པས།

སྦྱོང་བརྡར་ལས་རིམ་འདི་ལུ་བརྟེན་ཏེ་ བརྡ་བརྒྱུདཔ་ཚུ་གིས་ རྒྱང་བསྒྲགས་དང་རྒྱང་མཐོང་ དེ་ལས་ གསར་ཤོག་ཚུ་ནང་ སྔོན་མའི་གནས་ཚུལ་འབྲི་ཐངས་དང་ པར་བཏབ་ཐངས་ འདི་བཟུམ་སྦེ་ དུས་མཐུང་གློང་བརྙེན་ཚུ་གི་ ལམ་ལུགས་ཚུ་ ལེགས་ཤོམ་སྦེ་ ཧ་དགོ་མི་ལུ་བརྟེན་ ད་ལས་པར་ གནས་ཚུལ་གྱི་ གཞི་རྟེན་ཚུ་ ཧེ་མ་ལས་ལྷག་སྟེ་ མི་མང་ལུ་ གནས་ཚུལ་གྱི་གོ་བརྡ་སྤྲོད་ཚུགས་ཏེ་ གནས་ཚུལ་ལྷག་ནི་ལུ་ བརྩོན་ཤུགས་དང་སྤྲོ་བ་བསྐྱེད་ཐབས་ལུ་ ཁེ་ཕན་སྦོམ་འབྱུང་ནི་ཨིན་པས།

སྦྱོང་བརྡར་ལས་རིམ་འདི་ནང་ སྡེ་ཚན་བཟོ་སྟེ་ གནས་ཚུལ་དང་འབྲེལ་བའི་ དུས་ཐུང་གློག་བརྙན་བཟོ་ཐང་གི་ སྦྱང་བ་འབད་བཅུག་སྟེ་ ལམ་ལུགས་དང་འཁྲིལ་ཏེ་ བཟོ་མ་བཟོ་གི་ དབྱེ་དཔྱད་འབདཝ་ད་ བརྡ་བརྒྱུདཔ་མང་ཤོས་ཀྱི་ ལམ་ལུགས་དང་འཁྲིལ་ཏེ་ ཧ་ལམ་ཅིག་ བཟོ་ཚུགས་ཏེ་ཡོདཔ་ཨིན་པས།

སློབ་སྦྱོང་བྱིན་མི་ ཤར་ལྷོ་ཨེ་ཤི་ཡ་གི་ གནས་ཚུལ་བསྡུ་ལེན་པ་ ཝི་ཤཱལ་ཨཱ་རོ་རཱ་གིས་སླབ་མི་ནང་ འབྲུག་པའི་གསར་ཤོག་ཚུ་ནང་ གནས་ཚུལ་དང་གཅིག་ཁར་བཙུགས་ཡོད་པའི་པར་ཚུ་ སྤུས་ཚད་ཅན་ཅིག་མེད་ལས་ སྦྱོང་བརྡར་ལས་རིམ་འདི་ལུ་བརྟེན་ ད་ལས་ཕར་ སྤུས་ཚད་ཅན་གྱི་པར་ཚུ་བཙུགས་ཏེ་ མི་མང་ལུ་ གོ་བ་ལེགས་ཤོམ་སྦེ་ སྤྲོད་ཚུགས་ནི་ཨིནམ་མ་ཚད་ མི་མང་གིས་ གནས་ཚུལ་ལྷག་ནི་ལུ་ཡང་ བརྩོན་ཤུགས་བསྐྱེད་ནི་ལུ་ ཕན་ཐོགས་ཡོད་ཟེར་ཨིན་པས།

འབྲུག་རྒྱང་བསྒྲངས་ལས་འཛིན་གྱི་ གནས་ཚུལ་བསྡུ་ལེན་པ་ བཅོ་ལྔ་རྡོ་རྗེ་གིས་སླབ་མི་ནང་ ཁྲིམས་འབྲེལ་གྱི་གནས་ཚུལ་ཚུ་ བསྡུ་ལེན་འབད་བའི་སྐབས་ གནས་ཚུལ་འཐོབ་རུང་ གནས་ཚུལ་དང་འབྲེལ་བའི་ པར་ཚུ་ཐོབ་མ་ཚུགསཔ་ལས་ གདོང་ལན་འབྱུང་མས་ཟེར་བཤད་ཅི།

ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ བསོད་ནམས་ལྷུན་གྲུབ་ཀྱི་སླབ་མི་ནང་ མང་ཤོས་གིས་རང་ མི་སྡེ་བརྡ་བརྒྱུད་ཀྱི་ཐོག་ལས་ གནས་ཚུལ་ཁྱབ་སྤེལ་བཏང་ནི་དང་ གནས་ཚུལ་ལྷག་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ལས་ ལས་རིམ་འདི་ལུ་བརྟེན་ཏེ་ གནས་ཚུལ་དང་ གནས་ཚུལ་དང་འབྲེལ་བའི་པར་ དེ་ལས་ དུས་ཐུང་གློག་བརྙན་ཚུ་ ལམ་ལུགས་དང་འཁྲིལ་ཏེ་ མི་སྡེ་བརྡ་བརྒྱུད་ཀྱི་ ཐོག་ལས་བཙུགས་ཐབས་ལུ་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་བའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *