མི་སྡེ་ནུས་ཤུགས་ཡར་དྲག་ཟེར་མི་ བཟོ་དཔེ་ལས་འགུལ་དེ་གིས་ དྲག་ཤོས་ཐོན་ཡོདཔ།

དབྱངས་ཅན་ལྷ་མོ།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ ན་གཞོན་གྱི་མཐུད་འབྲེལ་གྱི་དོན་ལུ་ ན་གཞོན་འགོ་ཁྲིདཔ་ལས་རིམ་ འགོ་འདྲེན་འཐབ་མིའི་ནང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གིས་ མི་སྡེ་ནུས་ཤུགས་ཡར་དྲག་ཟེར་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བཟོ་དཔེ་ལས་འགུལ་གྱིས་ ལས་འགུལ་གཞན་ཚུ་ལས་ དྲག་ཤོས་ཐོབ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཟླ་༡ པའི་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱིས་ འགོ་ཐོག་འཚོགས་ཡོད་པའི་ ན་གཞོན་འགོ་ཁྲིདཔ་ལས་རིམ་གྱི་ གྲུབ་འབྲས་ཅིག་ཨིནམ་ད་ ལས་འགུལ་འགོ་བཙུགས་པའི་སྐབས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བརྡ་སྤྲོད་དང་ མི་སྡེ་ཕན་བདེའི་ལས་སྣ་ དེ་ལས་ བརྒྱུད་འཕྲིན་ལས་བརྟེན་ ན་གཞོན་ལུ་ཕན་གནོད་ཟེར་བའི་ ཞིབ་འཚོལ་དོན་ཚན་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སེམས་ཁམས་རིག་པའི་ བདེ་སྐྱིད་དང་ དུས་ཚོད་ལག་ལེན་ དེ་ལས་ མི་སྡེའི་ནུས་ཤུགས་དང་ ཤེས་ཡོན་གྱི་ཕན་ཡོན་ལུ་དམིགས་ཏེ་ སྟག་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ བརྒྱུད་འཕྲིན་ལག་ལེན་གྱི་ དུས་ཚོད་མར་ཕབ་རྐྱབ་མི་ལུ་བརྟེན་ གཉིད་མེད་ནད་དང་ སེམས་ནད་མར་ཕབ་འབད་ཚུགསཔ་མ་ཚད་ དུས་ཚོད་འཛིན་སྐྱོང་དང་ དཔེ་ཆ་ལྷབ་ད་ དྲན་པ་བཏོན་ཚུགས་པའི་གུ་ བརྒྱུད་འཕྲིན་ལག་ལེན་གྱི་ ཟད་འགྲོ་ཡང་ མར་ཕབ་འབད་ཚུགས་པའི་སྐོར་ལས་ སྤྱན་འབུལ་འབད་ཡོདཔ་བཞིན་དུ་ ལས་འགུལ་དེ་གིས་ མི་སྡེའི་ནུས་ཤུགས་དང་ ཕན་ཚུན་འབྲེལ་བའི་ སེམས་ཤུགས་བྱིན་ཐབས་ལུ་ཡང་ བརྗེ་སོར་འབད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ལས་འགུལ་གཞན་ཚུ་ཡང་ དྲན་ཤེས་ཁག་ཆེ་བའི་སྐོར་ལས་དང་ ཕྱགས་སྙིགས་འཛིན་སྐྱོང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་བརྡ་སྤྲོད་ བདེ་སྐྱིད་ཡར་དྲག་ དེ་ལས་ ལས་འགུལ་འགོ་བཙུགས་ཀྱི་ ལས་སྣ་ཚུ་གི་སྐོར་ལས་ དཔེ་སྟོན་འབད་ཡོདཔ་མ་ཚད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་བརྩི་མཐོང་ལུ་ དང་ལེན་འབད་ནི་དོན་ལུ་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བའི་ བཀོད་ཁྱབ་མདོ་ཆེན་ངོ་ཚབ་ བསོད་ནམས་མཚོ་སྐྱིད་བསྟན་འཛིན་གྱིས་ ན་གཞོན་ཚུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ བརྩི་མཐོང་དང་ གཅིག་མཐུན་གྱི་འགན་ཁུར་ཨིནམ་སྦེ་ ཧ་གོ་ཐབས་ལུ་ གནས་སྐབས་བརྗེ་སོར་འབད་མི་ལུ་བལྟ་སྟེ་ སེམས་ཤུགས་དང་ སྐུལ་མ་ཨིནམ་བཞིན་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ཧ་གོ་ནི་དང་ གོ་བ་གཅིག་ཁར་ལེན་ནི་ དེ་ལས་ འབྲུག་མི་ཨིན་པའི་ དོན་སྟོན་ནི་ཚུ་ ག་ར་ལུ་ འགན་ཁུར་ཕོག་ཟེར་བཤདཔ་ཨིན་པས།

ན་གཞོན་གྱི་འགོ་ཁྲིདཔ་ལས་རིམ་འདི་ཁར་ ལས་གཡོག་དང་འགོ་ཁྲིདཔ་གི་ གནས་སྟངས་ཚུ་གི་སྐོར་ལས་དང་ སྒྲིག་ལམ་རྣམ་གཞག་གི་ བརྩི་མཐོང་དང་བསྟུན་ སྔར་སྲོལ་ལམ་ལུགས་ཀྱི་ སྦྱང་བ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།

སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ བསོད་ནམས་ཕུན་ཚོགས་ཀྱིས་སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་འདི་ ག་ནི་བ་ཡང་ ཁག་ཆེ་ཤོས་ཅིག་ཨིན་པའི་གུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ ལྷབ་སྦྱང་འབད་ནི་དོན་ལུ་ བཅའ་མར་གཏོགས་པའི་ཤུལ་ལུ་ ལྟེ་བ་གི་ཁ་ཐུག་ལས་ ལྷབ་སྦྱང་གི་གོ་སྐབས་ ལེགས་ཤོམ་གནང་མི་དང་ གཞི་རྩ་བརྩི་མཐོང་ འགོ་ཁྲིདཔ་ཚུ་གི་སྐོར་ལས་ སྟོན་གནང་མི་ལུ་ ཤེས་ཡོན་གྱི་ཉམས་མྱོང་ཐོབ་སྟེ་ སེམས་དགའ་ཡི་ཟེར་བཤདཔ་ཨིན་པས།

ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ འོད་གསལ་བུ་དར་གྱིས་སླབ་མིའི་ནང་ རང་སོའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ བཟོ་དཔེ་ལས་འགུལ་ བཟོ་བཀོད་འབད་ནི་ལུ་ སྤྲོ་བ་བྱུང་ཡི་ཟེར་ཨིནམ་ད་ ད་ཚུན་ སྦྱོང་བརྡར་ལེ་ཤ་ནང་ བཅའ་མར་གཏོགས་ཡོད་རུང་ ད་རེས་བཟུམ་མའི་ རང་གི་མི་ཚེ་ནང་ ལས་འགུལ་བཟོ་ཐོག་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གོ་བ་ གཏིང་ཟབ་དྲགས་ ཧ་གོ་ཐབས་ཀྱི་ གོ་སྐབས་འཐོབ་ནི་དེ་ ལཱ་ཁག་འོང་ཟེར་ཨིན་པས།

ལས་རིམ་འདི་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྟེ་བ་གིས་ འབྲུག་པའི་ན་གཞོན་ཚུ་ མ་འོངས་པའི་འགོ་ཁྲིདཔ་གི་འོས་འབབ་ ཧ་གོ་ཐབས་ལུ་ ནམ་བྱཱར་དང་དགུན་ལུ་ ཉིན་གྲངས་༥ གི་ སྦྱོང་བརྡར་ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་མིའི་ནང་ ན་གཞོན་༣༠ ལྷག་ཙམ་གྱིས་ གྲལ་གཏོགས་འབད་ཡོད་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *