མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༣ གསལ་བསྒྲགས།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གིས་ སྤྱི་ཚེས་༦ ལུ་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༣ གསལ་བསྒྲགས་འབད་ཡོད་མི་རྩིས་ཏེ་ ཚོགས་པ་ནང་ད་རེས་འབདཝ་ད་ འདེམས་ངོ་གསརཔ་གསལ་སྟོན་འབད་དེ་ བདུན་ཕྲག་༤ སོང་ཡོདཔ་ཨིན་པས།

སྐྱེས་ལོ་༥༩ ལང་མི་ ཀྲོང་གསར་གྱི་རྫོང་བདག་བགྲེསཔ་ བསོད་ནམས་རིན་ཆེན་འདི་ བུམ་ཐང་ ཆུ་མིག་ཨུ་ར་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཁོ་གིས་ གཞུང་གཡོག་ནང་ ལོ་ངོ་༣༣ ཕྱག་ཞུ་བའི་ནང་ལས་ གཞི་གཡོག་ལྷན་ཚོགས་ཀྱི་ མདོ་ཆེན་ལས་རོགསཔ་དང་ དྲུང་ཆེན་འོག་མ་ མདོ་ཆེན་འོག་མ་ དེ་ལས་ ཞབས་ཏོག་ལྷན་ཁག་ནང་ སྲིད་བྱུས་དང་འཆར་གཞི་སྡེ་ཚན་གྱི་ དྲུང་ཆེན་འོག་མ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ རྫོང་བདག་མ་འབད་བའི་ཧེ་མ་ ལས་གཡོག་ལྷན་ཁག་ནང་ མི་སྟོབས་ལས་ཁུངས་དང་ ལཱ་གཡོག་གནས་ཚད་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ཕྱག་ཞུ་ཡོདཔ་ཨིནམ་ད་ ཨཱོས་ཊི་ལི་ཡ་ལས་ མི་མང་བདག་སྐྱོང་སློབ་ཚན་ནང་ གཙུག་ལག་ཤེས་ཡོན་ཡོདཔ་ཨིན་པས།

སྐྱེས་ལོ་༥༨ ལང་མི་ གཞལམ་སྒང་རྫོང་བདག་བགྲེསཔ་ ཧཱར་ཀ་སིང་ཏ་མང་འདི་ དགེ་ལེགས་ཕུག་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་སྟོན་འབད་ཡོདཔ་ནུག

ཁོ་གིས་ གཞུང་གཡོག་ནང་ ལོ་ངོ་༣༤ གི་རིང་ལུ་ཕྱག་ཞུ་ཡོདཔ་ད་ ཧེ་མ་ འཆར་གཞི་ལྷན་ཚོགས་ནང་ སྦྱོང་བརྡར་འགོ་དཔོན་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འཆར་གཞི་འགོ་དཔོན་དང་ དྲུང་ཆེན་འོག་མ་ མདོ་ཆེན་འོག་མ་ དེ་ལས་ མཉམ་འབྲེལ་མདོ་ཆེན་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ དགེ་ལེགས་ཕུག་ཁྲོམ་སྡེ་གི་ བཀོད་ཁྱབ་དྲུང་ཆེན་འབད་ཡོདཔ་བཞིན་དུ་ རྒྱ་གར་རྒྱལ་ཁབ་ལས་ ཁྲོམ་ཚོགས་ ས་ཆ་རིག་པའི་སློབ་ཚན་ནང་ གཙུག་ལག་གཞི་རིམ་གྱི་ཤེས་ཡོན་ཡོདཔ་ཨིན་པས།

ད་རུང་ སྐྱེས་ལོ་༥༡ ལང་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་བགྲེསཔ་ ཀཱ་མལ་བྷཱ་དུར་གུ་རུ་འདི་ རྩི་རང་ དཀྱིལ་འཁོར་ཐང་མནྜལ་སྒང་འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཁོ་གིས་ ལོ་ངོ་༢༤ གི་རིང་ གཞུང་གཡོག་ནང་ ཕྱག་ཞུ་བའི་ཤུལ་ལུ་ སྤྱི་ལོ་༢༠༡༣ ལས་༢༠༡༨ ཚུན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ལོ་ངོ་༥ གི་རིང་ལུ་ ཕྱག་ཞུ་ཡོདཔ་ཨིན་པས།

ཁོ་གིས་ གློག་མེ་ལས་ཁུངས་ནང་ གློག་རིག་རིམ་སྒྲིག་པ་དང་ བཀོད་ཁྱབ་བཟོ་རིག་པ་ དེ་ལས་ འཛིན་སྐྱོང་པ་སྦེ་ཕྱག་ཞུཝ་བཞིན་དུ་ འབྲུག་གློག་མེ་ལས་འཛིན་ཚད་ནང་ བཟོ་རིག་གོངམ་དང་ འཛིན་སྐྱོང་གོངམ་ དེ་ལས་ གྲོང་གསེབ་གློག་མེ་བཀྲམ་སྤེལ་ལས་འགུལ་གྱི་ ལས་འགུལ་འཛིན་སྐྱོང་གོངམ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ཁོ་གིས་ སྤྱི་ཚོགས་ཀྱི་འཐུས་མི་སྦེ་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་སྦེ་ ཕྱག་ཞུ་ཡོདཔ་ད་ འབྲུག་གློག་མེ་ལས་འཛིན་གྱི་ སྲིད་བྱུས་དང་ཐབས་ཤེས་བསྐྱར་ཞིབ་ཀྱི་འཐུས་མི་དང་ ས་གནས་གཞུང་གི་བཅའ་ཁྲིམས་ ལེགས་བཅོས་ཀྱི་དོན་ལུ་ སྤྱི་ཚོགས་མཉམ་འབྲེལ་ཚོགས་ཆུང་གི་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ད་ ཁོ་གིས་ ཐཱའི་ལེནཌ་ལས་ བཟོ་རིག་གི་སློབ་ཚན་ནང་ གཙུག་ལག་ཤེས་ཡོན་གྱི་ཤེས་ཚད་ཡོད་པའི་གནས་ཚུལ།

 

 

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *