མི་རྩིས་དང་ ནང་སྐྱོད་ཡིག་ཚང་གསརཔ་གིས་ མི་མང་ལུ་ ཞབས་ཏོག་གང་དྲག་སྤྲོད་ཚུགས་ནི།

ཆོས་ཉིད་བཟང་མོ།

མི་རྩིས་དང་འབྲེལ་བའི་གནད་དོན་གུ་ ལཱ་འབད་ནིའི་དོན་ལུ་ རྫོང་ནང་འགྱོ་དགོཔ་འཐོན་འབདཝ་ད་ མི་རྒན་ཤོས་དང་ གཟུགས་ཁམས་སྒྲིང་སྒྲི་མེད་མི་ཚུ་ལུ་ དུམ་གྲ་ཅིག་ རྐང་སྟོང་འགྱོ་དགོ་པའི་ལམ་དང་ གྱལ་སྒྲིག་སྟེ་ སྡོད་དགོཔ་འཐོན་པའི་སྐབས་ ཞབས་ཏོག་ལེགས་ཤོམ་ ཐོབ་མ་ཚུགས་པའི་གུ་ བྱ་སྟབས་མ་བདེཝ་འབྱུང་མི་དེ་གིས་ མི་ཚུ་གིས་ ཁ་གཏང་མི་ཡང་ འཐོན་དོ་ཡོདཔ་ཨིན་པས།

ཨིན་རུང་ མ་འོངས་པ་ལུ་ འདི་བཟུམ་གྱི་ གནད་དོན་སེལ་ཐབས་ལུ་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གིས་ ཐིམ་ཕུག་ཆུ་བར་ཆུ་ལུ་སྦེ་ མི་རྩིས་ཡིག་ཚང་དང་ ནང་སྐྱོད་ཡིག་ཚང་རྐྱབ་ཡོད་མི་ནང་ སྤྱི་ཟླ་༧ པའི་ སྤྱི་ཚེས་༢༩ གི་དྲོ་པ་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་སྦེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ཡིག་ཚང་གསརཔ་གཞི་བཙུགས་འབད་མི་དེ་གིས་ མི་སེར་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་ སྤྲོད་ཚུགས་ནི་ལུ་ ཕན་པ་སྦོམ་ར་འབྱུང་ནི་ཨིན་པས།

ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ མངའ་འོག་ལུ་ཡོད་པའི་ མི་རྩིས་ལས་ཁུངས་ཀྱི་འགན་འཛིན་འགོ་འཔོན་ཅིག་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མི་རྩིས་ཡིག་ཚང་འདི་ རྫོང་ནང་འབད་ཞིནམ་ལས་ ཧེ་མ་ལས་ཡོད་པའི་ ཡིག་ཆ་ཚུ་བཞག་སའི་ ས་སྒོ་མེད་པའི་དཀའ་ངལ་ཐོནམ་བཞིན་དུ་ ཡིག་ཆ་ཚུ་ ཁང་གླ་སྤྲོད་ཐོག་ལས་ བཞག་མི་དེ་གིས་ཡང་ དཀའ་ངལ་ཐོན་ཏེ་ཡོད་མི་ ད་རེས་ ཡིག་ཚང་གསརཔ་གཞི་བཙུགས་འབད་མི་གིས་ དཀའ་ངལ་ཚུ་ སེལ་ཚུགས་ནི་ཨིནམ་ལས་ ལཱ་འབད་མི་ཆ་ཁྱབ་ལུ་ཡང་ འདི་འཕྲོ་ལས་ ཡིག་ཆ་ཚུ་ འཚོལ་འཐོབ་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་བཤད་ཅི།

ད་རེས་ཀྱི་ ཡིག་ཚང་གསརཔ་ནང་ ཞབས་ཏོག་ལེན་མི་ མི་སེར་མང་ བྱ་སྟབས་བདེ་ནི་ལུ་ དངུལ་ཚབ་ཤོག་འཛིན་བཟོ་ཡོད་དེ་ རང་སོའི་སྐོར་རྒྱབ་ལུ་མ་ལྷོད་ཚུན་ སྒུག་སྡོད་དགོཔ་འཐོན་ཏེ་འབད་རུང་ གྱལ་སྒྲིག་སྡོད་དགོཔ་མེད་པར་ སྡོད་སའི་ས་གོ་ཡངས་དྲགས་ཡོདཔ་ལས་ གདོང་ལེན་མི་འབྱུང་ནི་ཨིན་པས།

ཡིག་ཚང་དེ་ཡང་ ཁྲོམ་ལས་ཐག་ཐུང་ནི་དང་ འཁོར་ལམ་གྱི་སྦོ་ལོགས་ཁར་འབདཝ་ལས་ ཞབས་ཏོག་ལེན་མི་ཚུ་ལུ་ བྱ་སྟབས་བདེ་དྲགས་འབྱུང་ནི་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ བཤད་ཅི།

འདི་བཟུམ་སྦེ་ ནང་སྐྱོད་ཡིག་ཚང་གི་ཐད་ཁར་འབད་རུང་ རྒྱལ་ཁབ་ནང་ ནང་འཛུལ་འབད་མི་ཚུ་ལུ་ ཞབས་ཏོག་སྤྲོད་སའི་ ས་ཁོངས་དང་ ཡིག་ཚང་ཆུང་ཀུ་ཅིག་འབདཝ་ལས་ དེ་ཁར་ལས་ ཞབས་ཏོག་ལེན་མི་ཆ་ཁྱབ་ ནང་ན་མ་ཤོང་པའི་དཀའ་ངལ་ལུ་བརྟེན་ ཕྱི་ཁར་སྒུག་སྡོད་དགོཔ་འབདཝ་ད་ གདོང་ལེན་སྦོམ་བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ ཡིག་ཚང་གསརཔ་དེ་ནང་ འབྲེལ་སྟེགས་ཀྱི་སྒོ་ ལེ་ཤ་བཟོ་ཚུགས་པའི་གུ་ ཕྱི་རྒྱལ་གྱི་མི་ཚུ་ལུ་ ཞབས་ཏོག་གང་དྲག་བྱིན་ཚུགས་ནི་ཨིན་པས།

སྤྱི་ཟླ་འདི་གི་ ནང་འཁོད་ལུ་ར་ ཡིག་ཚང་རྙིངམ་ལས་གསརཔ་ལུ་ སྤོ་བཤུད་འབད་ཚར་ཞིན་ན་ མི་མང་ལུ་ ཞབས་ཏོག་བྱིན་ནི་ འགོ་བཙུགས་ནི་ཨིན་མས།

ཡིག་ཚང་འདི་ འབྲུག་གཞུང་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

 

 

 

 

Leave a Reply

Your email address will not be published. Required fields are marked *