མི་མང་ལུ་ ཕན་ཐོགས་ཅན་གྱི་ ནད་བཀག་སྨན་ཁབ་གསརཔ་༣ འགོ་འབྱེད།

ཆོས་ཉིད་བཟང་མོ།

མི་དབང་རྒྱལ་བཙུན་མཆོག་ དགུང་ལོ་༢༨ བཞེས་པའི་ འཁྲུངས་སྐར་དུས་སྟོན་བརྩི་སྲུང་ཞུ་ནི་དང་འབྲེལ་ གསོ་བའི་བློ་གཏད་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འབྲུག་གཞུང་དང་ གསོ་བའི་ལྷན་ཁག་གཉིས་ཀྱིས་འགོ་འདྲེན་ཐོག་ མི་མང་ལུ་ ཕན་ཐོགས་ཅན་གྱི་ སྨན་ཁབ་གསརཔ་༣ སྤྱི་ཟླ་འདི་གི་ སྤྱི་ཚེས་༤ ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་སྦེ་ གསོ་བའི་ལྷན་ཁག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།

དེ་ཡང་ ཨ་ལུ་ཆབ་གསང་བཤལ་ནད་འཐོབ་འབདཝ་ད་ དྲག་ཚུགས་པར་ ལཱ་ཁག་གཏང་དོ་ཡོདཔ་ལས་ གློ་བའི་ཚ་ནད་ཀྱི་ ནད་བཀག་སྨན་དེ་གིས་ ནད་གཞི་མི་འཐོབ་ནི་དང་ བཀག་ཐབས་འབད་ནི་ལུ་ དམིགས་པ་བསྐྱེད་དེ་ སྨན་ཁབ་འགོ་བཙུགསཔ་ཨིན་མས།

རོ་ཊ་བཱའེ་རཱསི་ཟེར་ ཕྲ་རབས་ནད་འབུཔ་གི་ ནད་བཀག་སྨན་འདི་ ཨ་ལུ་སྐྱེས་ལོ་༥ མན་ཆད་འབད་མི་ཚུ་དང་ ལོ་རྒན་རྒས་ཚུ་གི་ ཟས་སྤྱོད་རིགས་པའི་ ནད་གཞི་ ཚབས་ཆེན་གྱི་ ཆབ་གསང་བཤལ་ནི་དང་ ཁ་ལས་བསྐྱུག་ནི་ དེ་ལས་ དྲོད་འབར་ནི་དང་ རླན་སྐམ་ཚུ་གིས་ ནད་རྟགས་ཚུ་བཏོན་ཏེ་ ན་མི་ཚུ་ དྲག་མ་ཚུགས་པར་ ནད་གཞི་འདི་ལུ་བརྟེན་ ལ་ལུ་ཅིག་ སྨན་ཁང་ནང་ འགྱོ་མ་ཚུགས་པར་ ཤི་རྐྱེན་འབྱུང་སྟེ་ཡོདཔ་ལས་ མ་འོངས་པ་ལུ་ གནས་སྟངས་འདི་བཟུམ་ བཀག་ཐབས་ལུ་ སྨན་ཁབ་འགོ་བཙུགས་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ཚ་རིམས་ནད་བཀག་སྨན་འདི་ སྐྱེས་ལོ་༥ ལས་ ཡར་བཅད་འབད་མི་དང་ ལོ་ན་རྒསཔ་ཚུ་ ཚ་རིམས་ཀྱི་ནད་འཐོབ་སྟེ་ སྨན་བཅོས་འབད་མ་ཚུགས་པར་ ཤི་རྐྱེན་འབྱུང་དོ་ཡོད་མི་ལུ་བརྟེན་ ཚ་རིམས་ནད་ བཀག་ནིའི་དོན་ལུ་ སྨན་ཁབ་གསརཔ་གི་ ཞབས་ཏོག་ལེན་ཚུགས་ནི་ཨིན་པས།

གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་བཀོད་མིའི་ནང་ རྒྱལ་ཁབ་ནང་ ཁག་ཆེ་བའི་སྨན་ཁབ་ འགོ་བཙུགས་མི་དེ་གིས་ མི་སེར་ཆེ་འབྲིང་ཆུང་གསུམ་ག་ར་ལུ་ སྨན་བཅོས་ལེགས་ཤོམ་འབད་ཚུགས་པའི་ཁར་ ལོ་ན་རྒས་མི་ཚུ་དང་ ཨ་ལུ་ཚུ་ ནད་གཞི་ཚུ་ལས་ བཀག་ཐབས་དང་ ཤི་རྐྱེན་མར་ཕབ་འབད་ནི་ལུ་ དམིགས་གཏད་བསྐྱེད་དེ་ འགོ་འབྱེད་འབད་ཡི་ཟེར་ཨིན་མས།

ཨིན་རུང་ འཛམ་གླིང་གསོ་བའི་ལས་ཚོགས་དང་ གསོ་བའི་ལྷན་ཁག་གཉིས་ མཉམ་རུབ་ཀྱི་ཐོག་ལས་དང་ གསོ་བའི་བློ་གཏད་མ་དངུལ་གྱི་ རྒྱབ་སྐྱོར་འབད་དེ་ ཨ་ལུ་དང་འབྲེལ་བའི་ སྨན་ཁབ་ཀྱི་ཞབས་ཏོག་ཁག་༡༡ བྱིན་ཡོད་པའི་གུ་ ད་རུང་ ནད་གཞི་བཀག་ཚུགས་ནི་དང་ ན་ནི་ལས་བཀག་ནི་ལུ་ དམིགས་པ་བསྐྱེད་དེ་ཨིན་པས།

བློན་ཆེན་དྲཤོས་ཚེ་རིང་སྟོབས་ཀྱིས་གསུང་མིའི་ནང་ ཨ་ལུ་ཆུང་ཀུ་བསྒང་ལས་ར་ བདག་འཛིན་འཐབ་དགོཔ་ ཁག་ཆེ་བས་ཟེར་ཨིནམ་ད་ ལ་ལུ་ཅིག་ སྨན་བཅོས་དང་ སྨན་ཁབ་མ་འཐོབ་མི་ལུ་བརྟེན་ དབང་པོ་ལུ་ ཐོ་ཕོག་ནི་ཉེན་ཁ་ཡོད་མི་དེ་ མེདཔ་བཟོ་ཐབས་ལུ་ ད་རེས་ སྨན་ཁབ་༣ ཞབས་ཏོག་བྱིན་མི་དེ་གིས་ ཕན་པ་སྦོམ་ར་འབྱུང་ནི་ཨིནམ་ལས་ སྨན་ཁབ་ཀྱི་དོན་ལུ་ གསོ་བའི་བློ་གཏད་མ་དངུལ་ལུ་ སྐྱབས་རྗེ་མཆོག་གིས་ མ་དངུལ་རྒྱབ་སྐྱོར་གནང་མི་དེ་གིས་ ནདཔ་ཚུ་ལུ་ སྦྱིན་རླབས་དང་ སྨོན་ལམ་གྱི་སྦེ་ ཕན་ཐོགས་སྦོམ་ར་འབྱུང་ནི་མས་ཟེར་ ཨིན་པས།

གསོ་བའི་ལྷན་ཁག་གི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གློ་བའི་ཚ་ནད་འདི་ འབུ་ནད་སྣ་ཚོགས་ལས་འཐོབ་དོ་ཡོདཔ་ད་ དེ་ཡང་ ཚཝ་མགུ་ནད་དང་ རོང་ཆུའི་འབུཔ་ཚུ་གི་ཁྲག་ནད་ དེ་ལས་ རྣམ་ཅོ་འབུ་ནད་འཐོབ་ནི་ ཉེན་ཁ་ཡོདཔ་ལས་ གློ་བའི་ཚ་ནད་འདི་ རྒྱལ་ཁབ་ནང་ ནད་གཞི་མཐོ་ཤོས་༡༠ གི་ནང་ ཚུད་དེ་ཡོདཔ་ཨིན་པས།

གསོ་བའི་ཐོ་བཀོད་བཞག་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གློ་བའི་ཚ་ནད་ལས་བརྟེན་ མི་གྲངས་བརྒྱ་ཆ་ལས་༢༧.༨ དང་ ཚཝ་མགུ་ནད་ལུ་བརྟེན་ བརྒྱ་ཆ་༥ དེ་ཅིག་ ཨ་ལུ་ཆུང་ཀུ་ལུ་ ཤི་རྐྱེན་བྱུང་ཡོདཔ་སྦེ་ ཨིན་པས།

འདི་འབདཝ་ལས་ སྨན་ཁབ་དེ་གིས་ ཨ་ལུ་སྐྱེས་ལོ་༡ ལས་མན་ཆད་ལུ་ ལོ་བསྟར་བཞིན་དུ་ ཨ་ལུ་༡༤,༠༠༠ དེ་ཅིག་ལུ་ འཛིན་སྐྱོང་འབད་ནི་དང་ ཨ་ལུ་ ནད་རྐྱེན་འབྱུང་མི་དང་ ཤི་རྐྱེན་འབྱུང་མི་ དེ་ལས་ ཤི་ཚད་མར་ཕབ་འབད་ནིའི་དོན་ལུ་དང་ སྐྱེས་ལོ་༦༥ ཡར་བཅད་མི་ཚུ་ལུ་ གློ་བའི་ཚ་ནད་ཀྱི་ ནད་བཀག་སྨན་གྱིས་ འཛིན་སྐྱོང་འབད་ནི་ཨིན་པས།

འདི་བཟུམ་སྦེ་ རོ་ཊ་བཱའེ་རཱསི་ ཕྲ་རབས་ནད་འབུཔ་གིས་ ནང་ཁྲོལ་རྒྱུ་མ་ལུ་ ནད་ཟུན་ནི་དང་ རྒྱུ་རྐྱེན་དེ་ཡང་ ཨ་ལུ་ཚུ་ལུ་ ཆབ་གསང་བཤལ་ནད་ཐོབ་མི་དེ་ འཛམ་གླིང་ནང་ མཐོ་ཤོས་ཡོདཔ་སྦེ་ ཐོན་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་འབད་རུང་ བརྒྱ་ཆ་༡༣ དེ་ཅིག་ལུ་ ཤི་རྐྱེན་བྱུང་སྟེ་ཡོདཔ་ཨིན་པས།

ཚ་རིམས་ནད་བཀག་སྨན་འདི་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཕན་ཐོགས་འབྱུང་ནི་དང་ ནད་གཞི་གཞན་འཐོབ་ནི་ལས་ མར་ཕབ་ འབད་ཚུགས་པའི་ཁར་ ཨ་ལུ་ཆགས་མི་ ཨམ་སྲུ་དང་ སྐྱེས་ལོ་༥ ལས་མན་ཆད་ དེ་ལས་ སྐྱེས་ལོ་༦༥ ཡར་བཅད་འབད་མི་ཚུ་ལུ་ ནད་གཞི་འཚུབ་ཅན་ མི་འཐོབ་ནིའི་དོན་ལུ་ སྨན་ཁབ་བཙུགས་དགོཔ་ཨིན་པས།

གློ་བའི་ཚ་ནད་ཀྱི་ ནད་བཀག་སྨན་ འོག་བཙུགས་པའི་སྐབས་ལུ་ དངུལ་ཀྲམ་ས་ཡ་༤.༦༢ གནས་ཡོདཔ་ད་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ས་ཡ་༢༡༩ རེ་གནས་དོ་ཡོདཔ་ཨིན་པས།

རོ་ཊ་བཱའེ་རཱསི་ ཕྲ་རབས་ནད་འབུཔ་གི་ ནད་བཀག་སྨན་གྱི་དོན་ལུ་ ལོ་རེ་ནང་ དངུལ་ཀྲམ་ས་ཡ་༡༢.༥༢ འགྱོ་ནི་ཨིནམ་དང་ ཚ་རིམས་ནད་བཀག་སྨན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༥༨.༨༩ དེ་ཅིག་གནས་ནི་ཨིན་པའི་གུ་ ཚར་ཅིག་འགོ་བཙུགསཔ་ད་ དངུལ་ཀྲམ་ས་ཡ་༥ འགྱོ་ནི་ཨིན་མས།

སྨན་ཁབ་དེ་གིས་སྐོར་ལས་ མི་སེར་ཆ་ཁྱབ་ལུ་ གོ་བ་བརྡ་སྤྲོད་འབད་ནིའི་ལས་རིམ་ཚུ་ གསོ་བའི་ལྷན་ཁག་གི་སྦེ་ འཛིན་སྐྱོང་འབད་དེ་ དུས་རྒྱུན་སྨན་ཁབ་ཞབས་ཏོག་འདི་ སྤྱི་ལོ་༢༠༡༩ སྤྱི་ཟླ་༡ པ་ལས་འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

 

 

Leave a Reply

Your email address will not be published. Required fields are marked *