མི་དབང་མངའ་ཞབས་མཆོག་གིས་ རྒན་ཤོས་མཚམས་ཁང་ས་ཁོངས་ནང་ གཟིགས་ཞིབ།

པདྨ་གཡུ་སྒྲོན།

སྤྱི་ཟླ་འདི་གི་ སྤྱི་ཚེས་༢༤ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒན་ཤོས་མཚམས་ཁང་ནང་ གཟིགས་ཞིབ་གནང་ཡོདཔ་ཨིན་པས།

དེ་ཡང་ མི་དབང་མངའ་ཞབས་མཆོག་གི་ མངའ་འོག་ལུ་ཡོད་པའི་ མི་སེར་གྱི་ལས་འགུལ་གྱིས་སྦེ་ ཐིམ་ཕུག་ཝང་སི་སི་ནང་ལུ་ མི་རྒན་ཤོས་ཆ་ཁྱབ་ སྡོད་གནས་བྱིན་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ མཚམས་ཁང་བཟོ་སྐྲུན་འབད་ནུག

མཚམས་ཁང་དེ་ཡང་ འདས་པའི་ སྤྱི་ཟླ་༦ པའི་ནང་ མཐར་ཕྱིན་གསར་སྒྲུབ་འབད་ཚར་ཏེ་འདུག

ད་ལྟོ་ རྒན་ཤོས་༡༩ ལུ་ མཚམས་ཁང་ནང་ སྡོད་གནས་བྱིན་ཡོད་མི་དེ་ མི་དབང་མངའ་ཞབས་ལས་ རྒན་ཤོས་ཞབས་ཏོག་སྐྱིད་སྡུག་ ཐོབ་མི་ཆ་ཁྱབ་ཨིན་པས།

རྒན་ཤོས་ཞབས་ཏོག་གི་སྐྱིད་སྡུག་ཐོབ་མི་ཚུ་ཡང་ བཟའ་ཚང་དང་ ཕམ་སྤུན་ཆ་ག་ཡང་མེད་མི་ ཡོད་དེ་འབད་རུང་ གཅེས་སྐྱོང་འཐབ་མ་ཚུགས་མི་ མི་སེར་རྒན་ཤོས་ཚུ་ཨིན་པས།

རྒན་ཤོས་མཚམས་ཁང་ ཁྱིམ་ཆུང་༡༣ རྐྱབ་ཡོད་མི་ནང་ མི་སེར་རྒན་ཤོས་༧༨ དེ་ཅིག་ལུ་ སྡོད་གནས་བྱིན་ནི་ཨིན་པས།

རྒན་ཤོས་ཆ་ཁྱབ་ལུ་ དགོས་མཁོ་དང་བསྟུན་ མཚམས་ཁང་གི་ འཛིན་སྐྱོང་ཡིག་ཚང་དང་ སྨན་གཡོགམོ་ཡིག་ཚང་ དེ་ལས་ སྤྱིར་བཏང་ ཐབ་ཚང་དང་ ཁ་ཐུན་གཏང་ནི་གི་ས་ཁོངས་ འདི་བཟུམ་སྦེ་ འཁྱམས་སྡོད་སའི་ས་སྒོ་ཚུ་ཡང་ དགའ་ཏོག་ཏོ་སྦེ་ བཟོ་ཡོད་པའི་གུ་ མཐུན་རྐྱེན་གཞན་ཡང་ ཆབ་གསང་ཚུ་དང་ རྐང་ཁྲི་འཁོར་ལོ་ཅནམ་ ལག་ལེན་འཐབ་མི་ཚུ་གི་དོན་ལུ་ ལྷོད་ལམ་གྱི་ སའི་མཛེས་བཀོད་བཟོ་ཡོདཔ་ཨིན་པས།

རྒན་ཤོས་མཚམས་ཁང་འདི་ མི་རྒས་ཤོས་ བལྟ་མི་ག་ཡང་མེད་མི་ཚུ་ལུ་ མི་ཚེ་སྐྱོང་ནི་དང་ ཁ་ཐུན་གཏང་ནི་ དེ་ལས་ སྨན་བཅོས་ལེན་ནི་གི་ཞབས་ཏོག་ཚུ་ སྤྲོད་ཐོག་ལས་ སྡོད་གནས་བྱིན་ནི་ཨིན་པས།

འབྲུག་རྒྱལ་ཁབ་ མཐའ་དབུས་མེད་པའི་ མི་སེར་རྒན་ཤོས་ སྐྱིད་སྡུག་མྱོང་མི་ཆ་ཁྱབ་ལུ་ མི་དབང་མཆོག་གིས་ རྒན་ཤོས་ཞབས་ཏོག་སྐྱིད་སྡུག་ལས་བརྒྱུད་དེ་ ཟླ་རིམ་བཞིན་གྱི་འཐུས་ གནང་དོ་ཡོདཔ་མས།

ཨིན་རུང་ སྐྱིད་སྡུག་མྱོང་མི་ མི་སེར་རྒན་ཤོས་ཚུ་ ཁོང་རའི་ ཁོང་ར་ལུ་ གཅེས་སྐྱོང་འཐབ་མ་ཚུགས་མི་དང་ སྡོད་གནས་མེད་པའི་ དཀའ་སྡུག་མྱོང་མི་ཚུ་ཨིན་པས།

ད་ལྟོ་ཚུན་ མི་སེར་རྒན་ཤོས་མང་ཤོས་ཅིག་ གནས་སྐབས་ཅིག་གི་རིང་ལུ་ ཐིམ་ཕུག་ སྐྱིད་སྡུག་ནདཔ་གི་མགྱོན་ཁྱིམ་ནང་ སྡོད་གནས་བྱིན་ནུག

རྒན་ཤོས་མཚམས་ཁང་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དགོས་མཁོ་དང་མཐུནམ་སྦེ་ མི་སེར་རྒན་ཤོས་ཚུ་ལུ་ གཅེས་སྐྱོང་འབད་དགོ་པའི་ ཐུགས་ཀྱི་དགོངས་བཞེད་དང་ བཀའ་རྒྱ་ལྟར་དུ་ གསར་སྒྲུབ་བཟོ་སྐྲུན་འབད་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *