བྱོག༌འགྱོ༌མི་ དོགས༌ཅན༌ཕོ༌སྐྱེས༌༡ ལོག༌འཛིན༌བཟུང༌།

ཆོས༌ཉིད༌བཟང༌མོ།

སྤྱི༌ལོ༌༢༠༡༣ སྤྱི༌ཟླ༌༡༢ པའི༌ སྤྱི༌ཚེས༌༢ ལུ་ སྤ་རོ་ལས་ཨིན་མི་ སྐྱེས་ལོ་༤༥ ལང་མི་ དོགས་ཅན་ཕོ་སྐྱེས་དེ་གིས་ ཕུན་ཚོགས་གླིང་ ཇཱའི་སྒང་ལས་ བཀག་དམ་ཅན་གྱི་སྨྱོ་རྫས་ སྐྱེལ་འདྲེན་འབད་ཡོད་པའི་ གནད་དོན་ཐོག་ལུ་ ཐིམ་ཕུག་ཁྲོམ་གྱི་སྦུག་ལུ་ ཆུ་ཚོད་འཁོར་ལོའི་ཀ་ཆེན་གྱི་ སྦོ་ལོགས་ཁར་ལས་ འཛིན་བཟུང་འབད་དེ་ འགག་སྡེའི་དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།

ཨིན་རུང་ དོགས་ཅན་ཕོ་སྐྱེས་འདི་ འཁྲུན་ཆོད་ཀྱི་དོན་ལུ་ འཕྲོ་མཐུད་ཞིབ་དཔྱད་འབད་བའི་བསྒང་འབདཝ་ལས་ འགག་སྡེའི་དོ་དམ་འོག་ལུ་ བཞག་ཡོད་རུང་ སྤྱི་ལོ་༢༠༡༤ སྤྱི་ཟླ་༡ པའི་སྤྱི་ཚེས་༢༧ ལུ་ དོགས་ཅན་འདི་ སྨན་ཁང་ནང་ སྨན་བཅོས་ཀྱི་དོན་ལུ་ ཁྱིད་འགྱོ་བའི་སྐབས་ལུ་ ས་གནས་དེ་ཁར་ལས་ ག་སོང་མེད་པར་ བྱོག་འགྱོ་ཡོདཔ་སྦེ་ ཐིམ་ཕུག་ཁྲོམ་སྡེའི་ཞིབ་དཔྱད་འགོ་དཔོན་གྱིས་ བཤདཔ་ཨིན་པས།

དོགས་ཅན་ཕོ་སྐྱེས་འདི་ བྱོག་འགྱོ་ཡོད་རུང་ ཁྲིམས་ཀྱི་འདུན་སར་ལས་ སྤྱི་ལོ་༢༠༡༤ སྤྱི་ཟླ་༧ སྤྱི་ཚེས་༢༥ ལུ་ འཁྲུན་ཆོད་བཏོན་ཡོདཔ་ད་ དོགས་ཅན་ཕོ་སྐྱེས་འདི་ ལོག་འཛིན་བཟུང་འབད་བའི་ཉིནམ་ལས་འགོ་བཙུགས་ཏེ་ ཁྲིམས་ཀྱི་འདུན་སར་ལས་ བཙོན་ཁྲིམས་ལོ་ངོ་༩ སྨིན་དགོ་པའི་ བཏོན་ཡོདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།

བྱོག་འགྱོ་མི་ དོགས་ཅན་ཕོ་སྐྱེས་འདི་ སྤྱི་ལོ་༢༠༡༨ སྤྱི་ཟླ་༧ པའི་ སྤྱི་ཚེས་༥ གི་དྲོ་པ་ཆུ་ཚོད་༡༠.༥༠ དེ་ཅིག་ཁར་ ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པ་ལུ་ གསང་བའི་གནས་ཚུལ་ཐོབ་པའི་ཤུལ་ལས་ འགག་སྡེའི་ཞིབ་དཔྱད་སྡེ་ཚན་ཚུ་གིས་ འདི་འཕྲོ་ལས་ ཐིམ་ཕུག་ཁ་ཚ་གྲབ་ཆུ་ལུ་ སོང་ཞིན་ན་ ས་གནས་དེ་ཁར་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཐིམ་ཕུག་ཁྲོམ་སྡེའི་ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་སླབ་མིའི་ནང་ བྱོག་འགྱོ་ཡོད་མི་ དོགས་ཅན་ཕོ་སྐྱེས་འདི་ ལོག་འཛིན་བཟུང་ འབད་དེ་ ད་ལྟོ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་སྟེ་ཡོདཔ་ཨིན་པས།

གནད་དོན་དེའི་ཐོག་ལུ་ ཁྲིམས་ཀྱི་འདུན་སར་ལས་ སྤྱི་ལོ་༢༠༡༤ སྤྱི་ཟླ་༧ པའི་ སྤྱེ་ཚེས་༢༥ ལུ་ དོགས་ཅན་ཕོ་སྐྱེས་འདི་ ལོག་འཛིན་བཟུང་འབད་བའི་ཉིན་མར་ལས་ བཙོན་ཁྲིམས་ལོ་ངོ་༩ སྨིན་དགོ་པའི་ འཁྲུན་ཆོད་བཏོན་ཡོད་མི་དང་ དོགས་ཅན་དེ་གིས་ འགག་སྡེའི་དོ་དམ་འོག་ལས་ ཁྲིམས་ལུགས་ལས་འགལ་ཏེ་ བྱོག་འགྱོ་ཡོད་མི་ལུ་བརྟེན་ ཁྲིམས་ཁ་སྐོང་བཀོད་ནིའི་དོན་ལུ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༦ ལུ་ ཁྲིམས་ཀྱི་འདུན་སར་ སྙན་ཞུ་ཡི་གུ་ཕུལ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་སླབ་མི་དང་འཁྲིལ་བ་ཅིན་ དོགས་ཅན་ཕོ་སྐྱེས་དེ་གིས་ དོ་དམ་འོག་ལུ་ སྡོད་པའི་རིང་ལུ་ བྱོག་འགྱོ་མི་ལུ་བརྟེན་ཏེ་ ཁྲིམས་ལུགས་ལས་འགལ་བའི་བྱ་ངན་ཨིནམ་ལས་ ཁྲིམས་ལས་འགལ་བའི་ཉེས་བྱ་ བཙོན་ཁྲིམས་ལོ་ངོ་༡ ལས་༣ གྱི་རིང་ལུ་ སྨིན་དགོཔ་སྦེ་ཨིན་པས།

ཨིན་རུང་ ཁྲིམས་ཀྱི་འདུན་སར་ལས་ དོགས་ཅན་དེ་ལུ་ ཉེས་ཁྲིམས་ག་དེམ་ཅིག་བཀོད་འོང་ག་ སླབ་མི་ཤེས་ནི་ཨིནམ་ལས་ དོགས་ཅན་ཕོ་སྐྱེས་འདི་ ད་ལྟོ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ འཁྲུན་ཆོད་ཀྱི་དོན་ལུ་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ར་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

Leave a Reply

Your email address will not be published. Required fields are marked *