བསམ་གྲུབ་ལྗོངས་མཁར་རྗོང་ཁག་གི་ རྗོང་ཁག་ཚོགས་འདུའི་ཞལ་འཛོམས་ཚོགས་ཡོདཔ།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་འདི་གི་ སྤྱི་ཚེས་༤ དང་༥ ལུ་ བསམ་གྲུབ་ལྗོངས་མཁར་རྗོང་ཁག་གི་ རྗོང་ཁག་ཚོགས་འདུའི་ཞལ་འཛོམས་ཚོགས་པའི་སྐབས་ལུ་ རྡོ་ལམ་དང་རྗོང་ཁག་སྣང་བྱིན་མ་དངུལ་ དེ་ལས་ དཀང་ངལ་དང་ས་མཚམས་ཀྱི་འཐུས་ གཞན་ཡང་ ཡོངས་འབྲེལ་དང་དངུལ་ཁང་གི་ ཞབས་ཏོག་གཞི་བཙུགས་ འདི་བཟུམ་སྦེ་ ཁག་འབགཔ་ཚུ་ལུ་ རྩིས་ཞིབ་ཉོག་མེད་ལག་ཁྱེར་དགོ་པའི་ གྲོས་བསྟུན་ཚུ་འབད་ཡོདཔ་ཨིན་པས།

རྡོ་ལམ་གྱི་གནད་དོན་ཐད་ཁར་ ཧེ་མ་འབད་བ་ཅིན་ རྗོང་ཁག་ལྟེ་བ་ལས་ རྒེད་འོག་ལྟེ་བ་ཚུན་ ཉིནམ་གྲངས་བཞི་གི་ འཐུས་ཐོབ་དོ་ཡོདཔ་ད་ ད་རེས་ཀྱི་ གྲོས་ཆོད་འདི་ནང་ རྗོང་ཁག་ལྟེ་བ་ལས་ རྒེད་འོག་ལྟེ་བ་ཚུན་ འཁོར་ལམ་སྟོན་ཡོདཔ་ལས་ རྡོ་ལམ་ཉིནམ་གྲངས་གཉིས་ཀྱི་འཐུས་ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ ལའུ་རི་རྒེད་འོག་གི་རྒཔོ་ བསྟན་པ་རྒྱལ་མཚན་གྱིས་ རྗོང་ཁག་ལྟེ་བ་ལས་ རྒེད་འོག་ལྟེ་བ་ཚུན་ ཀི་ལོ་མི་ཊར་༢༥༦ དང་ བདེ་བ་ཐང་རྒེད་འོག་ཚུན་ ཀི་ལོ་མི་ཊར་༡༨ ཡོདཔ་ལས་ གཞུང་གི་ལམ་ལུགས་དང་འཁྲིལཝ་དང་  ཀི་ལོ་མི་ཊར་༡༠ ལུ་ རྡོ་ལམ་གཅིག་འབད་རྩིས་དོ་ཡོདཔ་ལས་ རྡོ་ལམ་གྱི་འཐུས་འདི་ ཉིན་གྲངས་བཞི་མེད་རུང་ ཉིནམ་གྲངས་གསུམ་གྱི་འཐུས་འདི་ ཐོབ་དགོཔ་འདུག་ཟེར་ཨིནམ་ད་ འདི་ཡང་ གནམ་བྱཱར་གྱི་སྐབས་ལུ་ འཁོར་ལམ་ཚུ་ དུས་རྒྱུན་ འགྲོ་འགྲུལ་ཐབས་མ་ཚུགས་མི་ལུ་བརྟེན་ཏེ་ མང་ཤོས་རང་ རྐང་སྟོང་འགྱོ་དགོ་ནི་འདི་གི་ དཀའ་ངལ་བྱུངམ་མས་ཟེར་ བཤདཔ་ཨིན་པས།

རྗོང་ཁག་སྣང་བྱིན་མ་དངུལ་གྱི་ཐད་ཁར་ རྒེད་འོག་རེ་ལུ་ མ་དངུལ་ཡོངས་བསྡོམས་ས་ཡ་༧ དེ་ཅིག་ཡོདཔ་ད་ རྒེད་འོག་༡༡ ནང་ལས་ རྒེད་འོག་༧ དེ་ཅིག་གི་ རྗོང་ཁག་སྣང་བྱིན་མ་དངུལ་ མ་ཐོབ་པར་ ལུས་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ ལའུ་རི་རྒཔོ་གིས་སླབ་མི་ནང་ རྗོང་ཁག་ལས་ རྒེད་འོག་སྣང་བྱིན་མ་དངུལ་གོ་བཀྲམ་གྱི་དོན་ལུ་ རྒེད་འོག་རེ་ལས་ གྲོས་འཆར་ཕུལ་དགོ་པའི་ ཁྱབ་བསྒྲགས་འདི་ ཡོངས་འབྲེལ་གྱི་ཐོག་ལས་ བྱིན་ཡོདཔ་ད་ ལའུ་རི་རྒེད་འོག་བཟུམ་ཅིག་ལུ་འབད་བ་ཅིན་ ཡོངས་འབྲེལ་གྱི་མཐུན་རྐྱེན་མེད་མི་ལུ་བརྟེན་ཏེ་ གྲོས་འཆར་ཕུལ་ནི་གི་ དུས་ཚོན་ཕྱི་སོངམ་ལས་ རྒེད་འོག་སྣང་བྱིན་མ་དངུལ་ཚུ་ ཐོབ་མ་ཚུགས་ཟེར་ཨིན་པས།

དེ་ལས་ དཀའ་ངལ་དང་ས་མཚམས་འཐུས་ཀྱི་གནད་དོན་ཐོག་ལུ་ བསམ་གྲུབ་ལྗོངས་མཁར་རྗོང་ཁག་ལས་ ཇོ་མོ་གཙང་ཁ་ཚུན་གྱི་ས་གནས་ཚུ་ ཉེན་ཁ་ཅན་ཅིག་འབདཝ་ལས་ འདི་ནང་གཞུང་དོན་གྱི་ ཕྱག་ལཱ་གནང་མི་ གཞུང་གཡོགཔ་དང་སློབ་དཔོན་ དེ་ལས་ ལས་གཡོག་གཞན་ཚུ་ གཙོ་བོ་རང་ གསོ་བ་དང་ཤེས་ཡོན་ སོ་ནམ་དང་སྒོ་ནོར་ལ་སོགས་པའི་ མི་མང་གི་ཞབས་ཏོག་སྤྲོད་མི་ཚུ་གི་ ཐ་དོན་ལུ་དམིགས་ཏེ་ ས་ཁ་མཐོ་སའི་འཐུས་མ་ཐོབ་སྟེ་འབད་རུང་ ས་མཚམས་ཀྱི་འཐུས་འདི་ ཐོབ་དགོཔ་པའི་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ལའུ་རི་རྒེད་འོག་ནང་ལུ་ ཡོངས་འབྲེལ་གྱི་མཐུན་རྐྱེན་མེདཔ་ལས་བརྟེན་ གཞུང་དོན་གྱི་ལས་སྣ་ཚུ་ ཡོངས་འབྲེལ་གྱི་ཐོག་ལས་བཏང་པའི་སྐབས་ ལཱ་དང་ལས་རིམ་ཚུ་ འདི་འཕྲོ་ལས་ འགོ་འདྲེན་འཐབ་ཚུགས་ནི་ལུ་དམིགས་ཏེ་ ལའུ་རི་རྒེད་འོག་ན་ལུ་ ཡོངས་འབྲེལ་གྱི་ མཐུན་རྐྱེན་གཞི་བཙུགས་འབད་ནི་གི་  གྲོས་འཆར་བྱུང་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ཇོ་མོ་གཙང་ཁ་དྲུང་ཁག་ནང་ལུ་ གླང་ཆེན་ཕུག་དང་གསེར་ཐིག་ དེ་ལས་ ལའུ་རི་རྒེད་འོག་གསུམ་ནང་ འབྲུག་གོང་འཕེལ་དངུལ་ཁང་རྐྱངམ་གཅིག་ཡོདཔ་ལས་ གཞུང་གི་ལམ་ལུགས་དང་བསྟུན་ཏེ་ སློབ་དཔོན་དང་གཞི་གཡོགཔ་ དེ་ལས་ ཁག་འབགཔ་ཚུ་ལུ་ ཟླ་རིམ་གྱི་དངུལ་ཕོག་ཚུ་ འབྲུག་དངུལ་ཁང་གི་ ཞབས་ཏོག་གི་ཐོག་ལས་ དུས་ཚོད་ཁར་ བྱིན་ཚུགས་ནི་གི་དོན་ལུ་དང་ ལྷག་པར་དུ་ སོ་ནམ་པ་ཚུ་གིས་ དངུལ་འབྲེལ་གྱི་ཞབས་ཏོག་ཚུ་ དུས་ཚོད་ཁར་སྤྱོད་ཚུགས་ནི་གི་དོན་ལུ་ འབྲུག་གི་དངུལ་ཁང་གི་ ཡན་ལག་ཡིག་ཚང་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་བྱུང་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ གཞི་གཡོགཔ་ཚུ་གི་ ཕྱི་རྒྱལ་ལུ་འགྱོ་བའི་སྐབས་ རྩིས་ཞིབ་ཉོག་མེད་ལག་ཁྱེར་སྟོན་དོ་ཡོདཔ་ད་ ཁག་འབགཔ་ཚུ་གི་འབད་བ་ཅིན་ དུས་རྒྱུན་ཁག་འབགཔ་གྱི་ལཱ་ཚུ་ ལེ་ཤ་འབད་དོ་ཡོདཔ་ཨིན་རུང་ ཕྱི་རྒྱལ་ལས་ཕར་ འགྱོ་བའི་སྐབས་ལུ་ རྩིས་ཞིབ་ཉོག་མེད་ལག་ཁྱེར་མེདཔ་ལས་ ད་ལས་པར་ ཁག་འབགཔ་ཚུ་གི་ཡང་ རྩིས་ཞིབ་ཉོག་མེད་ལག་ཁྱེར་བཟོ་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།

རྗོང་ཁག་ཚོགས་འདུའི་ཚོགས་འཛོམས་གྱི་ གྲོས་འཆར་ཚུ་ ལྷན་ཁག་དང་འབྲེལ་ཡོད་ ལས་འཛིན་དང་ལས་སྡེ་ཚུ་ནང་ཕུལ་ཏེ་ ཚོགས་འདུ་གྱི་གྲོས་འཆར་ཚུ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གནང་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *