བཟོ་རིག་བཅུ་གསུམ་དང་ བཟོ་རིག་སྦྱོང་བརྡར་སྤེལ་ཁང་གི་དོན་ལུ་ སྤུས་ཚད་ཁྱད་འཕགས་ཀྱི་གསོལ་རས།

བསོད་ནམས་ལྷུན་གྲུབ།

ལས་འགན་གནས་ཚད་ལས་ཁུངས་ཀྱིས་ འཕྲུལ་རིག་དང་ བཟོ་རིག་ལག་རྩལ་སྦྱོང་བརྡར་ ལེགས་འགྱུར་འབད་ནི་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལུ་ འབྲུག་གི་བཟོ་རིག་སྤེལ་ཁང་གི་ སྤུས་ཚད་མཐུན་རྐྱེན་དང་འབྲེལ་བའི་ ངོས་ལེན་ལམ་ལུགས་ཀྱི་སྤུས་ཚད་ དེ་ལས་ སྦྱོང་བརྡར་པ་དང་ སློབ་སྟོན་པའི་ ཐོ་བཀོད་གནས་ཚད་ལྡན་པའི་སྦྱོང་ཚན་ འདི་བཟུམ་སྦེ་ རྩིས་ཞིབ་དང་བརྟག་དཔྱད་ཀྱི་ ངོ་སྤྲོད་འབད་དེ་ ཁྱད་རིག་འཛིན་སྐྱོང་ཚད་ལྡན་གྱི་ ལག་ཁྱེར་བྱིན་ཡོདཔ་ཨིན་པས།

ལས་རིམ་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༧ ལུ་ དངུལ་རྩིས་གཙུག་སྡེ་སྤེལ་ཁང་ནང་སྦེ་ སྐུ་མགྲོན་གཙོ་བོ་ ལས་གཡོག་དང་མི་སྟོབས་ལྷན་ཁག་གི་དྲུང་ཆེན་ བསོད་ནམས་དབང་ཕྱུག་གིས་ དངུལ་རྐྱང་གི་གསོལ་རས་དང་ ལག་ཁྱེར་ཚུ་གནང་ཡོདཔ་བཞིན་དུ་ སྤུས་ཚད་ཁྱད་འཕགས་ཀྱི་ གསོལ་རས་ཀྱི་ལས་རིམ་འདི མ་འོངས་པའི་ནང་ སྒེར་སྡེའི་ སྦྱོང་བརྡར་སྤེལ་ཁང་ཚུ་ཡང་ གྲལ་གཏོགས་འབད་བཅུག་བ་ཅིན་ ཁེ་ཕན་འོང་ནི་ཨིནམ་སྦེ་བཤད་ཅི།

སློབ་སྟོན་པའི་ ཐོ་བཀོད་ལམ་ལུགས་དེ་ སྤྱི་ལོ་༢༠༡༠ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤུས་ཚད་ལྡན་པའི་ འཕྲུལ་རིག་དང་ལག་རྩལ་བཟོ་རིག་སྦྱོང་བརྡར་དང་ སྒེར་སྡེའི་སྤེལ་ཁང་ཚུ་ མི་མང་ལུ་ ཁྱབ་སྤེལ་འབད་ནིའི་ དམིགས་ཡུལ་གུ་ སྤྱི་ལོ་༢༠༡༤ ལུ་ ཁྲིམས་ལུགས་བསྐྱར་བཟོའི་ནང་ སྒྲིག་གཞི་ཁག་༢ ཀྱི་ཐོག་ལས་ ཕན་ལམ་ཆེ་བའི་ ཞབས་ཏོག་སྤྲོད་ཐབས་ཅིག་ཨིན་པས།

མི་མང་དང་ སྒེར་སྡེའི་ནང་ལས་ སློབ་སྟོན་པ་ ཐོ་བཀོད་འབད་མི་༡༡༧ གྱི་ནང་ལས་༣༡ གནས་རིམ་ཁ་པའི་ནང་ ཚུད་དེ་ཡོདཔ་ལས་ ད་རེས་ སློབ་སྟོན་པ་༡༡༦ དང་ གནས་རྩིས་བཏོན་མི་༣༡༢ དེ་ལས་ སྦྱོང་ཚན་མཁས་མཆོག་༣༨ ལྷགཔ་ཅིག་དང་ ནང་འཁོད་རྩིས་ཞིབ་འགོ་ཁྲིདཔ་༦༠ དེ་ཅིག་ཡོདཔ་ཨིན་པས།

སྦྱོང་བརྡར་བྱིན་མིའི་ ཐོ་བཀོད་ཀྱི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོད་རུང་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ ན་གཞོན་གྱི་གྱངས་ཁ་ ཡར་ཕར་འགྱོ་ནི་དེ་གིས་ སྤུསཚད་ལྡན་པའི་ སྦྱོང་བརྡར་བྱིན་ནི་དེ་ སྦྱོང་བརྡར་སྤེལ་ཁང་གི་ལས་འགན་ ཁྲིམས་མཐུན་ཅན་ཅིག་ཨིནམ་ད་ སྤུས་ཚད་འཛིན་སྐྱོང་ལམ་ལུགས་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་པས།

འཛིན་སྐྱོང་སྤེལ་གསུམ་གྱི་ གནས་ཚད་དང་བསྟུན་ སྤུས་ཚད་ཁྱད་འཕགས་ཅན་གྱི་ ལག་ཁྱེར་དང་ སྤེལ་ཁང་གི་ འཛིན་སྐྱོང་ལམ་ལུགས་གུ་ཡིད་ཆེས་འདྲོངས་ཚུགས་པའི་ ཁྱད་ཆོས་ཡོད་ནི་དེ་གིས་ དགའ་ཚོར་གྱི་སྒོ་ལས་ ངལ་རངས་ཅན་གྱི་ ལག་ཁྱེར་དེ་ བསམ་ཐང་བཟོ་རིག་སྦྱོང་བརྡར་སྤེལ་ཁང་དང་  ཆུ་སྨད་བཟོ་རིག་སྦྱོང་བརྡར་སྤེལ་ཁང་གིས་ ཐོབ་ཡོདཔ་ཨིན་པས།

དམིགས་གཏད་ཅན་གྱི་ སློབ་གཉེར་སྤེལ་ཁང་ བཟོ་རིག་བཅུ་གསུམ་༢ དང་ བཟོ་རིག་སྦྱོང་བརྡར་སྤེལ་ཁང་༦ གིས་ གྲལ་གཏོགས་འབད་ཡོདཔ་བཞིན་དུ་ བུམ་ཐང་ཆུ་སྨད་ བཟོ་རིག་སྦྱོང་བརྡར་སྤེལ་ཁང་དང་ འཇིགས་མེད་དབང་ཕྱུག་གློག་འཕྲུལ་སྦྱོང་བརྡར་སྤེལ་ཁང་གིས་ སྐུགས་ཚད་བརྒྱ་ཆ་ལས་༧༨.༥༡ ཐོབ་སྟེ་ དྲག་ཤོས་ཀྱི་གསོལ་རས་ དངུལ་ཀྲམ་འབུམ་༡ ཐོབ་ཡོདཔ་ཨིན་པས།

ཆུ་སྨད་བཟོ་རིག་སྦྱོང་བརྡར་སྤེལ་ཁང་གི་དབུ་འཛིན་ པདྨ་རྡོ་རྗེ་གིས་སླབ་མིའི་ནང་ ལས་གཡོག་ལྷན་ཁག་གི་ རྒྱབ་སྐྱོར་ལུ་བརྟེན་ སློབ་སྟོན་པ་དང་ སྦྱོང་བརྡར་པ་ཚུ་གིས་ མཐུན་འབྲེལ་གྱི་ཐོག་ལས་ ལཱ་ལེགས་ཤོམ་འབད་ནི་དེ་གིས་ དྲག་ཤོས་ཐོན་ཡོད་པའི་གུ་ ངལ་རངས་ཅན་གྱི་ ལག་ཁྱེར་ཐོབ་མི་དེ་ ཁྱད་ཆོས་ལྔ་གི་ཐོག་ལུ་ འཛིན་སྐྱོང་འཐབ་སྟེ་ཡོདཔ་ལས་བརྟེན་ཨིནམ་སྦེ་ བཤད་ཅི།

གསོལ་རས་ཀྱི་ལས་རིམ་དེ་ཁར་ ལས་འགན་གནས་ཚད་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་ ཡེ་ཤེས་མཁའ་འགྲོ་ཀྱིས་འབད་བ་ཅིན་ གདམ་འཐུའི་ཚད་གཞི་དང་ ལམ་ལུགས་ཀྱི་སྐོར་ལས་ གསལ་ཞུ་འབད་དེ་ སྦྱོང་བརྡར་སྤེལ་ཁང་ཚུ་གི་བར་ན་ འཛིན་སྐྱོང་གི་འབྲེལ་བ་ འཐབ་ནི་དང་ རྒྱུ་དངོས་ཚོང་འབྲེལ་གྱི་ ཕན་གྲོགས་ཀྱི་མཐུན་འབྲེལ་ཡོདཔ་བཟོ་བ་ཅིན་ ལེགས་ཤོམ་འོང་ནི་ཨིན་པའི་ རྒྱབ་སྣོན་བཀོད་ཡོད་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *