ཕོ་མོ་ཡ་བྲལ་གྱི་ གནད་དོན་དང་འབྲེལ་བའི་ བསླབ་སྟོན་གྱི་ཞབས་ཏོག

རྒྱལ་ཁབ་ནང་ ཕོ་མོ་ཡ་བྲལ་གྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ མར་ཕབ་འབད་ནི་ལུ་ ཁྲིམས་ལུགས་དམ་ཟབ་བཟོ་དགོཔ་ཡོདཔ་ཨིན་པས།

བསོད་ནམས་ལྷུན་གྲུབ།

མི་སྡེའི་ནང་ ཕོ་མོའི་སྤྱོད་ལམ་མ་འདྲཝ་ལས་ གྲོགས་གཞན་བསྟེན་མི་དང་ སྤུན་ཆ་གིས་བར་དཀྲོགས་ མི་སྡེའི་བརྡ་བརྒྱུད་ལག་ལེན་ ཆང་དང་སྨྱོ་རྫས་ལོག་སྤྱོད་ དེ་ལས་ རྩུབ་སྤྱོད་འབད་མི་ཚུ་ལུ་བརྟེན་ཏེ་ གཉེན་ཡ་བྲལ་འགྱོ་བའི་ གནད་དོན་གཙོ་བོ་ཅན་ཅིག་ཨིན་པས།

དེ་ཡང་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གི་ གནས་སྡུད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༥ ལས་༢༠༡༧ གྱི་བར་ན་ ཕོ་མོའི་བསླབ་སྟོན་གྱི་ ཞབས་ཏོག་ལེན་པར་འོང་མི་ མི་གྲངས་༥༡ ལུ་ ཡར་སེང་སོང་ཡོད་པའི་གུ་ སེམས་ཚོར་དྲག་པོའི་ སྡུག་སྦྱོང་གི་གྱངས་ཁ་ མཐོ་ཤོས་ཅིག་ཨིན་པས།

བསླབ་སྟོན་དེ་ཡང་ རྒྱུ་ནོར་གྱི་གོ་སྐབས་ཞབས་ཏོག་ མ་བྱིན་པའི་གནད་དོན་དང་ དབང་བཙོང་འདོད་སྤྱོད་ གཟུགས་ཁམས་སྡུག་སྦྱོང་ དྲན་ཤེས་དང་ཚོར་སྣང་དྲག་པོའི་སྡུག་སྦྱོང་ ནང་འཁོད་རྩུབ་སྤྱོད་མིན་པའི་ གཉེན་གྲོགས་གཞན་བསྟེན་མི་ དེ་ལས་ དགའ་མཐུན་གྱི་འབྲེལ་བ་ཡོད་པའི་ གནད་དོན་ཐོག་ལུ་ ཞབས་ཏོག་བྱིན་དོ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༧ གྱི་ལོ་དེ་ནང་ བསླབ་སྟོན་གྱི་ཞབས་ཏོག་ལེན་མི་ ཕོ་སྐྱེས་༢༥ དང་ ཨམ་སྲུ་༣༩༥ དེ་ལས་ ལོ་ཚད་༡༩ ལས་༣༠ གི་བར་ན་འབད་མི་དེ་ གྱངས་ཁ་མཐོ་ཤོས་ཅིག་དང་ བཀྲིས་སྒང་རྫོང་ཁག་ནང་ ལོ་བསྟར་བཞིན་དུ་ གྱངས་ཁ་ཡར་སེང་སོང་སྟེ་འདུག

འབྲུག་གི་གཉེན་འབྲེལ་ཁྲིམས་ཡིག་ སྤྱི་ལོ་༡༩༨༠ ཅན་མའི་ དོན་ཚན་༣ པའི་ རྩ་ཚན་ཁ་པའི་དགོངས་དོན་ལྟར་ གཉེན་སྦྱོར་གྱི་དུས་ཡུན་དང་འཁྲིལ་ ལོ་ངོ་༣ མ་ལང་མི་ལུ་ དངུལ་ཀྲམ་༩༩༩ དང་ ལོ་ངོ་༧ གྱི་འོག་རྒྱུ་འབད་མི་ལུ་༡,༩༩༩ དེ་ལས་ གཉེན་སྦེ་སྦྲགས་ཏེ་ ལོ་ངོ་༧ ལས་ལྷག་མི་ཚུ་གིས་ དངུལ་ཀྲམ་༢,༩༩༩ སྤྲོད་དགོཔ་ཡོདཔ་སྦེ་ཨིན་པས།

ལས་སྡེའི་བསླབ་སྟོན་ཞབས་ཏོག་བྱིན་མི་ ཨོ་རྒྱན་དབང་མོ་གིས་ ཕོ་མོ་ཡ་བྲལ་གྱི་ལམ་ལུགས་འདི་ འཇམ་ཏོང་ཏོ་ཅིག་འབདཝ་ལས་ འཚེར་སྣང་མེད་མི་ལུ་བརྟེན་ ཡ་བྲལ་གྱི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་གིས་ ཁྲིམས་ལུགས་དམ་དམ་ཡོདཔ་བཟོ་བ་ཅིན་ གྱངས་ཁ་མར་ཕབ་འབད་ཚུགས་ནི་ཨིནམ་སྦེ་བཤད་ཅི།

སྐྱེས་ལོ་༥༠ ལྷག་མི་ ཨ་ལོ་༤ གི་ཨའི་ སྒྲོལ་མ་༼མིང་བརྫུས་མ༽ མོ་ར་ ཧེ་མ་ ཕྱི་འབྲེལ་ལྷན་ཁག་ནང་ མགྲོན་སྐྱོང་པ་ཅིག་ཨིན་རུང་ ཆང་འཐུང་ནི་ལུ་ ཤུགས་ཐལ་ནི་དེ་གིས་ བཟའ་ཚང་ལུ་ དུས་ཚོད་བྱིན་མ་ཚུགས་པའི་གུ་ མི་ག་གི་ཡང་ ཆ་མ་བཞག་པར་ རྨགཔ་གིས་ཡང་ བཀོ་བཞག་ནུག

སྤྱི་ལོ་༢༠༠༦ ལུ་ ཟླ་ངོ་༧ གྱི་རིང་ རྒྱ་གར་སི་ཀིམ་ལུ་ མི་ཚེ་ཉམས་གསོའི་ཞབས་ཏོག་ལེན་ཏེ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ལས་ བསླབ་སྟོན་ཞབས་ཏོག་ལེན་ཡོདཔ་བཞིན་དུ་ མོ་རའི་མི་ཚེ་ ལེགས་འགྱུར་འབད་ཚུགས་པའི་ཁར་ ཨ་ལོ་ཚུ་ལུ་ ཤེས་ཡོན་ཡང་ སྤྲོད་ཚུགས་ཏེ་ཡོདཔ་ཨིན་པས།

མོ་གིས་ མི་ཚེ་མེདཔ་ཤོར་ཡོད་རུང་ བསླབ་སྟོན་ལུ་ཉན་ཏེ་ ད་རེས་ཀྱི་ གནས་སྟངས་ལུ་ མི་ཚེ་དགའ་ཏོག་ཏོ་སྡོད་ཚུགས་ཏེ་ ཡོད་དོ་བཟུམ་སྦེ་ དཀའ་སྡུག་མྱོང་མི་གཞན་ཚུ་གི་ཡང་ མི་ཚེ་བཅོ་ཁ་རྐྱབ་ནི་ལུ་ གོ་སྐབས་ལེན་ཏེ་འབད་བ་ཅིན་ ལེགས་འགྱུར་འབད་མ་ཚུགས་པའི་ དཔེ་མེདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ གཡང་སྐྱིད་༼མིང་བརྫུས་མ༽ དེ་ ལོ་ན་ཆུང་ཀུའི་བསྒང་ལས་ གཉེན་རྐྱབ་སྟེ་ བར་ན་བུ་གཞི་ཚུད་རུང་ རྨགཔ་གིས་ གྲོགས་གཞན་བསྟེན་ཏེ་ མོ་ལུ་ རྡུང་རྫོབ་འབད་དེ་ མི་ཚེ་དགའཝ་སྐྱིདཔ་ མེད་པར་སྡོདཔ་ཅིག་ནང་ སྣུམ་འཁོར་ཐུག་རྐྱེན་གྱིས་སྦེ་ རྨགཔ་ལུ་ཤི་རྐྱེན་བྱུང་ཡོདཔ་ཨིན་པས།

མོ་གིས་ མི་ཚེ་ཕྱེད་ཀ་ར་ སེམས་སྐྱོ་བའི་ངང་ལུ་སྡོད་དེ་ ཚར་༢ དེ་ཅིག་ རང་སྲོག་གཅད་ནི་གིས་དཔའ་བཅམ་སྟེ་ སྨན་ཁང་ནང་ལྷོད་པའི་ཤུལ་ལུ་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ནང་ལས་ བསླབ་སྟོན་ཞབས་ཏོག་ལེན་ཏེ་ ལས་གཡོག་འབད་ནི་གིས་གོ་སྐབས་ཡང་ ཐོབ་ཡོདཔ་ཨིན་པས།

འདི་འབདཝ་ལས་ འཕྲོ་མཐུད་ཤེས་ཡོན་སློབ་སྦྱོང་འབད་ནིའི་གོ་སྐབས་ ཐོབ་ཡོདཔ་མ་ཚད་ ཕྱི་རྒྱལ་ཁྲོམ་ཚོགས་ བྷེང་ཀོཀ་ལུ་ ལོ་༡ གི་རིང་ ཐགས་ཀྱི་སྦྱོང་བརྡར་གྱི་གྲོགས་རམ་ཐོབ་ཡོདཔ་བཞིན་དུ་ ལས་སྡེ་ནང་ར་ ལཱ་འབད་ནི་གི་གོ་སྐབས་ཐོབ་སྟེ་ དཔའ་ཉམས་བྱུང་སྟེ་འདུག

ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་ཞབས་ཏོག་དེ་གིས་ དཀའ་སྡུག་ཚད་མེད་མྱོང་མི་ ཨམ་སྲུ་མོ་རྐྱང་ཚུ་ལུ་ ཐགས་འཐག་ནི་གིས་གྲོགས་རམ་དང་ ཚེམ་རྐྱབ་ནི་ དེ་ལས་ ཤེས་ཡོན་འཕྲོ་མཐུད་ཐོག་ལས་ ལྕོགས་གྲུབ་ཡར་སྐྱེད་གཏང་ནི་ལུ ཕན་གྲོགས་འབད་དེ་ཡོདཔ་ཨིན་པས།

ཁོང་རའི་ ཉམས་མྱོང་ལུ་བརྟེན་ཏེ་ གཞན་མི་ དཀའ་སྡུག་ཕོག་མི་ཚུ་ལུ་ སེམས་ཤུགས་བྱིན་ཚུགསཔ་མ་ཚད་ དུམ་གྲ་རེ་ གྲོགས་རམ་འབད་ཚུགས་དོ་ཡོདཔ་ད་ དམིགས་བསལ་གྱི་ ཨམ་སྲུའི་དབང་ཆ་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་ལུ་ ཚོར་སྣང་བརྗེ་སོར་གྱི་ཐོག་ལས་ ཧ་གོ་བཅུག་ནི་ལུ་ ཁེ་ཕན་ཡོདཔ་ཨིན་པའི་གནས་ཚུལ།

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *