པར་བཏབ་ཐངས་ཀྱི་རིག་རྩལ་ཐོག་ལས་ཤེས་ཡོན་།

འཇིགས་མེད་བསྟན་འཛིན།

སྤྱི་ཟླ་དེ་གིས་སྤྱི་ཚེས་༤ རེས་གཟའ་ཕུར་བུ་ལུ་ གནས་ཚུལ་བསྡུ་སྒྲིག་དང་འབྲེལ་ པར་བཏབ་ཐངས་ཀྱི་ རིག་རྩལ་དང་ཤེས་ཡོན་ དེ་ལས་ པར་གནས་འབྲི་ཐངས་ཀྱི་སྐོར་ལས་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ལུ་ དུས་ཐུང་གི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཟླ་རིམ་བཞིན་དུ་ འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལས་ མཁས་རིག་ལྡན་པའི་མི་ངོམ་ཚུ་ འབོ་ཞིན་ན་ བརྡ་བརྒྱུདཔ་ཚུ་ལུ་ པར་བཏབ་ཐངས་ཀྱི་ཉམས་མྱོང་ཡོད་པའི་གུ་ གནས་ཚུལ་གྱི་པར་བཏབ་མི་དང་ པར་བཏབ་ཐངས་ཀྱི་ སྦྱོང་བརྡར་བྱིན་མི་སློབ་དཔོན་པ་ དེ་ལས་ པར་བཏབ་ནི་ནང་ རང་དབང་བརྡ་བརྒྱུདཔ་ཅིག་ཨིན་མི་ ཨཱོས་ཊེ་ལི་ཡ་རྒྱལ་ཁབ་ལས་ ཇོའོ་རཱན་ཀིན་གྱིས་ བརྡ་བརྒྱུདཔ་༡༥ དེ་ཅིག་ལུ་ སློབ་སྟོན་འབད་ཡོདཔ་ཨིན་པས།

སྦྱོང་བརྡར་དེ་ཡང་ འབྲུག་པའི་བརྡ་བརྒྱུདཔ་ཚུ་གིས་ རྒྱང་མཐོང་དང་ གསར་ཤོག་ཚུ་ནང་ གནས་ཚུལ་དང་འབྲེལ་བའི་ པར་རིགས་ཚུ་ མི་མང་བརྡ་སྤྲོད་ཀྱི་དོན་ལུ་ ཚུལ་ལྡན་དང་ གསལ་ཏོག་ཏོ་བཙུགས་ནི་ པར་ལས་གནས་ཚུལ་ཚུ་ ཐོབ་ཚུགསཔ་བཟོ་ཐབས་ ལྷད་པར་དུ་ པར་བཏབ་ནི་གི་ལཱ་ལུ་ བརྩོན་ཤུགས་བསྐྱེད་བཅུག་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།

ལམ་རིམ་དེ་ཁར་པར་ཆས་དང་ བརྒྱུད་འཕྲིན་གྱི་པར་ཆས་ཚུ་ལས་ མི་དང་དངོས་པོའི་ པར་བཏབ་པའི་སྐབས་ མཐའ་འཁོར་གྱི་གནས་སྟངས་དང་ ཆགས་ཚུལ་གི་རང་བཞིན་དང་བསྟུན་ པར་བཏབ་ཐངས་ལས་འགོ་བཙུགས་ཏེ་ པར་གྱི་འོད་མདངས་དང་ ཉེ་རྒྱང་ཤེལ་ཆས་ཚུ་ པར་གྱི་གནས་སྟངས་དང་འཁྲིལ་ ལག་ལེན་འཐབ་དགོཔ་ད་ པར་གྱི་བཟོ་བཀོད་ཚུ་གི་སྐོར་ལས་ སློབ་སྟོན་འབད་ཡོདཔ་ཨིན་པས།

པར་བཏབ་པའི་སྐབས་ བཏབ་ཚུལ་གྱི་རིམ་པ་ཡང་ མིག་ཏོ་བཙུམ་སྟེ་ པར་བཏབ་མི་དང་ པར་རབ་རིབ་སྦེ་བཏབ་ཡོད་མི་ དེ་ལས་ རྐང་ཚིགས་དང་ ལག་ཚིགས་ གཞན་ཡང་ གཟུགས་ཀྱི་ཚིགས་ཚུ་ མ་ཚུདཔ་སྦེ་བཏབ་མ་བཏུབ་ཨིནམ་ད་ གསར་ཤོག་ནང་འབད་བ་ཅིན་ ཚོས་གཞི་ དམརཔོ་དང་ ལི་ཝང་ དེ་ལས་ ཧོནམ་ཡོད་པའི་པར་ཚུ་ ཚོས་གཞི་གཞན་དང་ཕྱདཔ་ད་ ལེགས་ཤོམ་འབད་མཐོང་ཚུགསཔ་ཨིན་པས།

གནས་ཚུལ་བསྡུ་སྒྲིག་འབད་དེ་ པར་གནས་འབྲི་བའི་སྐབས་ པར་བཏབ་ཡོད་པའི་ ས་ཁོངས་དང་ དུས་ཚོད་གཞན་ཡང་ གནད་དོན་དང་འབྲེལ་བའི་ པར་གྱི་ཁ་གསལ་གནས་ཚུལ་ཚུ་ ངེས་བདེན་ཚང་དགོཔ་ཨིན་པས།

སྦྱོང་བརྡར་བྱིན་མི་ ཇོའོ་རཱན་ཀིན་གྱིས་སླབ་མིའི་ནང་ གནས་ཚུལ་ཚུ་འབྲི་བའི་སྐབས་ འབྲི་ཐངས་ཀྱི་ལམ་ལུགས་བལྟ་དོ་བཟུམ་སྦེ་ པར་བཏབ་པའི་གནས་སྐབས་ནང་འབད་རུང་ པར་བཏབ་ཐངས་ཀྱི་ལམ་ལུགས་ཚུ་ བལྟ་དགོ་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ པར་བཏབ་པའི་སྐབས་ པར་བཏབ་ནི་ཨིན་པའི་ མི་དང་དངོས་པོ་ཚུ་ ལེགས་ཤོམ་སྦེ་བལྟ་སྟེ་ དུས་ཚོད་ལེན་ འབྲེལ་བ་འཐབ་པའི་ཤུལ་ལས་ མཉམ་ཏོག་ཏོ་བཟོ་ཞིན་ན་ པར་བཏབ་དགོཔ་ད་ པར་རིགས་ཚུ་ ངོས་འཛིན་འབད་ཚུགསཔ་འབད་དགོ་ཟེར་ཨིན་པས།

སྦྱོང་བརྡར་གྱི་སྐབས་ལུ་ གསར་ཤོག་ཚུ་ནང་ པར་བཙུགས་ཡོད་མི་དང་ དཔེ་སྟོན་གྱི་དོན་ལུ་ ཕྱི་རྒྱལ་ཁབ་ནང་ པར་བཏབ་ཡོད་མི་ཚུ་ འོས་ལྡན་དང་ཚུལ་ལྡན་ཡོད་མེད་ དེ་བཟུམ་སྦེ་ པར་བཏབ་ཐངས་ཡར་དྲག་གི་དོན་ལུ་ གྲོས་བསྟུན་དང་ སློབ་སྟོན་འབད་ཡོདཔ་བཞིན་དུ་ ཇོའོ་རཱན་ཀིན་གྱིས་ མགར་ས་རྫོང་ཁག་གི་ ལ་ཡ་རྒེད་འོག་ནང་ པར་བཏབ་ཡོད་མི་དང་ རྫོང་ཁག་གཞན་ཚུ་ནང་ལས་ཕར་ པར་བཏབ་ཡོད་མི་ཚུ་ བརྡ་བརྒྱུདཔ་ཚུ་ལུ་ གསལ་སྟོན་འབད་ཡོདཔ་ཨིན་པས།

འབྲུག་བརྡ་བརྒྱུད་མཐུན་ཚོགས་ཀྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དངོས་གྲུབ་བཟང་པོ་གིས་སླབ་མིའི་ནང་ གྲོས་གཏོགས་འབད་མི་ བརྡ་བརྒྱུདཔ་ཚུ་གིས་ ལས་རིམ་འདི་ལུ་བརྟེན་ རིག་རྩལ་དང་ ཤེས་ཡོན་ཚུ་ གཞན་བརྡ་བརྒྱུདཔ་ཚུ་ལུ་ བརྗེ་སོར་འབད་ཐབས་ལུ་ ཁེ་ཕན་འབྱུང་འོང་ཟེར་ཨིནམ་ད་ རང་དབང་བརྡ་བརྒྱུདཔ་ ཇོའོ་རཱན་ཀིན་འདི་ ད་རེས་ འབྲུག་ལུ་ པར་བཏབ་ནའི་ལྟ་སྐོར་ནང་ འོང་ཡོད་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *