ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ནད་གཞིའི་སྐོར་ལས་ ག་ཅི་ར་ཤེས་དགོཔ་འདུག

པདྨ་གཡུ་སྒྲོན།

ནད་འབུབ་ལུ་བརྟེན་པའི་ མཆིན་ཚད་ཀྱི་ནད་གཞི་ཟེར་ མཆིན་པ་མེདཔ་གཏང་མི་ ནད་འབུབ་ ཨེ་དང་ བི་ སི་ ཌི་ ཡང་ན་ ཨི་ ཚུ་ལུ་བརྟེན་ཏེ་ འཐོབ་ཨིན་པས།

བཞེས་སྒོ་བཙོག་པ་ཚུ་ལས་སྤེལ་མི་ མཆིན་ཚད་ནད་གཞིའི་དབྱེ་རིམ་ ཨེ་དང་ ཨི་ཚུ་ཨིནམ་ད་ བི་དང་ སི་ ཌི་གི་ནད་འབུབ་ཚུ་ ལུས་འབྲེལ་ལུ་བརྟེན་ཏེ་འབུ་ནི་དང་ ཨ་ལུ་སྐྱེ་བའི་སྐབས་ ཨའི་ལས་ཨ་ལུ་གུ་ སྨན་ཁབ་རྐྱབ་ད་ མ་བཙོ་བའི་ཁབ་ ལག་ལེན་འཐབ་པ་ཅིན་ འབུ་ནི་ གཟུགས་ཁར་ བཙབས་རིས་འབྲི་ནི་ གཟུགས་ཁར་ཁབ་ཀྱིས་གསོབ་ནི་ ཡང་ན་ ལག་པའི་མཛུབ་མོ་གསོབ་ནི་ དེ་ལས་ གཟུགས་ཁར་ཁྲག་བླུགཔ་ད་ སྤེལཝ་ཨིན་པས།

མཆིན་ཚད་ཀྱི་ནད་འབུབ་ཨེ་འདི་ མཆིན་པའི་ནད་འབུབ་ཅིག་ཨིནམ་ད་ དེ་གིས་འཇམ་པའི་ཐོག་ལུ་ ཚབས་ཆེན་སྦེ་ ན་ནི་དང་ གཅིག་གིས་གཅིག་ལུ་ ཁབ་ལག་ལེན་འཐབ་པ་ཅིན་ འབུ་ནི་ ལགཔ་དང་བཞེས་སྒོ་ ཆུ་གཙང་སྦྲ་མེད་མི་ལུ་བརྟེན་ཏེ་ཐོབ་ནི་ དེ་མ་ཚད་ ནད་འབུབ་ཡོད་མི་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་པ་ཅིན་ འབུ་ནི་ཨིན་པས།

འདི་བཟུམ་སྦེ་ མཆིན་ཚད་ནད་འབུབ་བི་དང་ སི་འདི་ ནད་འབུབ་ཚབས་ཆེན་ཅིག་ཨིན་པའི་གུ་ ཡུན་རིངམ་སྦེ་ན་མི་ ནད་འབུབ་ཅིག་ཨིནམ་ལས་ དེ་ཡང་ ནད་འབུབ་ཡོད་མི་ཚུ་ལས་ འབུ་ནི་དང་ ཁྲག་ལུ་བརྟེན་ཐོབ་ནི་ ལུས་འབྲེལ་ལུ་བརྟེན་ཏེ་འབུ་ནི་ ཨའི་ལུ་ནད་འབུབ་ཡོད་པ་ཅིན་ ཨ་ལུ་གུ་འབུ་ནི་ དེ་ལས་ ཆུ་བཙོག་པ་ཞུགས་མི་ལས་ཐོབ་ནི་ དེ་ལས་ ཆབ་གསང་རྒྱསཔ་གིས་ ལམ་ལས་བརྒྱུད་དེ་ འབུབ་ནི་ཚུ་ཨིན་པས།

མཆིན་ཚད་ནད་གཞིའི་ནད་འབུབ་དབྱེ་རིམ་ བི་ཐོབ་མི་ ན་ལོན་བརྒྱ་ཆ་༩༠ དང་༩༥ གི་བར་ན་ རང་བཞིན་སྲུང་སྐྱོབ་ལམ་ལུགས་ཐོག་ལས་ ནད་འབུབ་གཟུགས་ཁར་ལས་ བཏོན་གཏང་ཚུགསཔ་མ་ཚད་ ནད་གཞི་ལོག་མི་འཐོབ་ནི་ཨིན་པས།

ལྷག་ལུས་བརྒྱ་ཆ་༥ ལས་༡༠ ཚུན་གྱི་ མཆིན་ཚད་ནད་གཞི་ཐོབ་མི་ནདཔ་ཚུ་གིས་ གཟུགས་ཁར་ལས་ ནད་འབུབ་རྩ་མེད་བཏང་མ་ཚུགས་པར་ ཡུན་རིང་ལུ་ མཆིན་ཚད་ནད་རྙིང་ཟེར་ མཆིན་པ་མེདཔ་བཏང་སྟེ་ དཀའ་སྡུག་མྱོང་བཅུག་དོ་ཡོདཔ་ཨིན་པས།

མཆིན་ཚད་ནད་གཞི་དབྱེ་རིམ་ སི་ཨིན་པ་ཅིན་ ནད་འབུབ་བརྒྱ་ཆ་༨༠ དེ་ཅིག་མ་གཏོགས་ གཟུགས་ཁར་ལས་ བཏོན་གཏང་མ་ཚུགས་ནི་དེ་གིས་ ལྷག་ལུས་བརྒྱ་ཆ་༢༠ གིས་ ལོ་ངོ་མང་རབས་ཅིག་གི་ནང་འཁོད་ལུ་ མཆིན་ཚད་ནད་རྙིང་ལུ་འགྱུར་ཏེ་ སི་རོ་སིས་ཟེར་ སྨན་བཅོས་མེད་པའི་ གནས་སྟངས་ལུ་འགྱུར་ནི་ཨིན་པས།

མཆིན་ཚད་ནད་རིགས་དེ་གཉིས་ ཐོབ་སྟེ་ཡོད་པའི་ ངོ་རྐྱང་གི་ཁྲག་འདི་ མི་གཞན་ལུ་ ཞལ་འདེབས་བྱིན་པ་ཅིན་ ཁྲག་ལེན་མི་དེ་ལུ་ ནད་གཞི་འཐོབ་ནི་ཨིནམ་ལས་ མི་ཚེ་གཅིག་ནང་ ཁོང་གི་ཁྲག་འདི་ མི་གཞན་ལུ་ བྱིན་པ་གཏང་མི་བཏུབ་ནི་ཨིན་པས།

མཆིན་ཚད་ནད་གཞི་ཐོབ་སྟེ་ ཟླ་ངོ་༦ གི་དུས་ཡུན་ལས་ ལྷག་མི་ཚུ་ལུ་ ནད་འབུབ་གསད་ཚུགས་པའི་ སྨན་བཙུགས་ཏེ་ སྨན་བཅོས་འབད་དགོཔ་དང་ དབྱེ་རིམ་ བི་དང་སི་ཐོབ་མི་ཚུ་གིས་ མཆིན་པ་མེདཔ་བཏང་མ་གཏང་དང་ སྨན་བཅོས་འབད་དགོཔ་ ཡོད་མེད་བལྟ་ནི་དོན་ལུ་ དྲུང་འཚོ་གིས་ དུས་མཚམས་བཟོ་སྟེ་ སྒྲ་འཕྲུལ་ཐོག་ལས་ མཆིན་པའི་གནས་སྟངས་བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།

མཆིན་ཚད་དབྱེ་རིམ་བི་ ཡང་ན་ སི་ ཐོབ་མི་ཅིག་ཨིན་པ་ཅིན་ མ་འོངས་པ་ལུ་ དྲུང་འཚོ་དང་གཅིག་ཁར་ གྲོས་བསྟུན་ཐོག་ལས་ མཆིན་ཚད་ནད་གཞིའི་སྐོར་ལས་ བརྡ་དོན་ཧེང་སྐལ་ལེན་དགོ་ནི་ཨིན་པས།

དེ་ལས་ རང་ལུ་ ནད་གཞི་ཐོབ་ཚར་བའི་ཤུལ་ལུ་ སོ་འཁྲུ་དང་ སྐྱ་ ཡང་ན་ རང་གི་ཁྲག་རེག་པའི་ ཅ་ཆས་ཚུ་ མི་གཞན་དང་གཅིག་ཁར་ མཉམ་རུབ་འབད་མི་བཏུབ་ནི་དང་ དུས་རྒྱུན་ལག་ལེན་གྱི་དོན་ལུ་ བཀོ་གཏང་བཏུབ་པའི་ ཁབ་དང་མཁོ་ཆས་ཚུ་ ལག་ལེན་འཐབ་དགོ་ཟེར་ཨིན་པས།

འདི་བཟུམ་སྦེ་ གཟུགས་ཁའི་ཁྲག་རེག་སྟེ་ཡོད་པའི་ གཙང་སྦྲ་འཕྲོད་བསྟེན་གྱི་ ཀ་བལ་སྤུར་རས་ཚུ་ གཞན་ལུ་མ་གནོད་པའི་ ས་ཁོངས་ནང་བཀོ་དགོ་པའི་གུ་ ལུས་ཀྱི་འབྲེལ་བ་འཐབ་པའི་སྐབས་འབད་རུང་ ཉེན་སྲུང་ལྡན་པའི་ཅ་ལ་ ལག་ལེན་འཐབ་དགོ་པའི་ཁར་ རང་གི་གཉེན་གྲོགས་ལུ་ མཆིན་ཚད་ནད་འབུབ་ བི་ ཐོབ་སྟེ་ཡོད་མེད་ བརྟག་དཔྱད་འབད་དགོ་ཟེར་བཀོད་ནུག

ནད་འབུབ་ཡོད་མི་ཚུ་གིས་ ཆང་གི་རིགས་ཚུ་སྤང་དགོཔ་དང་ གལ་སྲིད་ རང་ལུ་ ནད་གཞི་གཞན་ཡང་ཡོད་པ་ཅིན་ སྨན་ག་ཅི་ར་ཟ་དོ་ག་ ཌོག་ཊར་ལུ་ བརྡ་དོན་བྱིན་དགོཔ་ཨིན་པས།

མངལ་ལུ་ ཨ་ལུ་ཡོད་མི་ ཨམ་སྲུ་ག་ར་ཨིན་རུང་ མཆིན་ཚད་ བི་ ཡོད་མེད་བརྟག་དཔྱད་འབད་དགོཔ་ཨིནམ་ད་ ག་དེམ་ཅིག་སྦེ་ མངལ་ལུ་ཡོད་པའི་ ཨ་ལུ་དེ་ལུ་ཡང་ མཆིན་ཚད་ནད་འབུབ་ཐོབ་ཡོདཔ་སྦེ་ ངོས་འཛིན་འབྱུང་པ་ཅིན་  ཨ་ལུ་སྐྱེཝ་ཅིག་ སྨན་ཁབ་རྐྱབ་བཏུབ་ནི་དང་ ནད་འབུབ་མེད་དེ་འབད་རུང་ མཆིན་ཚད་ བི་ སྔོན་འགོག་གི་སྨན་ བྱིན་དོ་ཡོདཔ་མས།

མཆིན་ཚད་ནད་གཞིའི་ནད་འབུབ་ཐོབ་མི་ཚུ་གིས་ གཞན་ནད་གཞི་ཡོད་མིའི་སྦོ་ལོགས་ཁར་སྡོད་རུང་ ཐབ་ཚང་གི་ཅ་ཆས་ གྱི་ཅུ་དང་ ཟ་ཧོད་མཉམ་གཅིག་སྤྱོད་རུང་ ཡང་ན་ མི་མང་རྩལ་རྫིང་ནང་ རྐྱལ་རྐྱབ་ནི་དང་ མི་མང་ཆབ་གསང་ལག་ལེན་འཐབ་ནི་ དེ་ལས་ ཕངམ་བཏབ་ནི་ལ་སོགས་པའི་ བྱ་སྤྱོད་དེ་གིས་ མཆིན་ཚད་ནད་འབུབ་མི་སྤེལ་ནི་ཨིན་པས།

མ་གཞི་ མི་ངོམ་འདི་ ཁྲག་གི་ཞལ་འདེབས་གནང་མི་ཅིག་ཨིནམ་སྦེ་ ཁྲག་མཛོད་ཁང་ལུ་སོང་སྟེ་ ཁྲག་བཙག་པའི་ཤུལ་ལུ་ མཆིན་ཚད་ནད་གཞི་དབྱེ་རིམ་ བི་དང་ སི་ ཐོབ་ཡོད་མེད་ ངེས་པར་དུ་ བརྟག་དཔྱད་འབད་དོ་ཡོདཔ་ཨིན་པས།

གསོ་བའི་ལྷན་ཁག་གི་ སྨན་རིགས་ཞབས་ཏོག་ལས་ཁུངས་ ཁྲག་ཉེན་སྲུང་ལས་རིམ་དང་འཁྲིལ་བ་ཅིན་ གལ་སྲིད་ མི་ངོམ་འདི་ལུ་ མཆིན་ཚད་ནད་གཞི་དབྱེ་རིམ་ བི་ ཡང་ན་ སི་ ཐོབ་ཡོདཔ་སྦེ་ གྲུབ་འབྲས་འཐོན་པ་ཅིན་ བརྡ་ལན་འབད་དེ་ གསོ་བའི་བསླབ་སྟོན་དང་ ཡང་བསྐྱར་བརྟག་དཔྱད་ཀྱི་དོན་ལུ་ ཁྲག་གི་དཔེ་ཚད་གསརཔ་ལེན་ཐོག་ལས་ ཁུངས་གཏུགས་ཀྱི་དོན་ལུ་ ཚན་རིག་བརྟག་དཔྱད་ཁང་ནང་ གཏང་དོ་ཡོདཔ་བཞིན་དུ་ གསོ་བའི་བསླབ་བྱ་དང་ བསླབ་སྟོན་ ཁ་སྐོང་འཐོབ་ཐབས་ལུ་ དྲུང་འཚོ་འབད་སར་གཏང་དོ་ཡོདཔ་སྦེ་ཨིན་མས།

ནད་གཞི་འདི་ལུ་བརྟེན་ཏེ་ རྒྱལ་སྤྱིའི་ནང་ ལོ་བསྟར་བཞིན་དུ་ མི་ས་ཡ་. དེ་ཅིག་ལུ་ ཤི་རྐྱེན་བྱུང་མི་དེ་ མང་ཤོས་ར་ ནད་འབུབ་དབྱེ་རིམ་ བི་དང་ སི་ ཐོབ་མི་ཚུ་ཨིན་པའི་གུ་ བརྒྱ་ཆ་ལས་ དེ་ཅིག་ལུ་ ཡུན་རིང་གི་ མཆིན་ཚད་ནད་འབུབ་ཐོབ་ཡོདཔ་སྦེ་ ཤེས་མི་དང་ བརྒྱ་ཆ་ལས་མན་ཆད་ཀྱི་ སྨན་བཅོས་འབད་ནི་དོན་ལུ་ གོ་སྐབས་ལེན་དོ་ཡོདཔ་ཨིན་པས།

གསོ་བའི་ཁ་ཐུག་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ མཆིན་ཚད་ནད་གཞིའི་སྨན་བཅོས་ཀྱི་ཞབས་ཏོག་འདི་ མི་མང་ལུ་ ག་དེ་དྲག་དྲག་གནང་སྟེ་ཡོད་རུང་ མི་ཚུ་གིས་ ཁོང་རའི་ ཁས་བླངས་ཀྱི་ཐོག་ལས་ བརྟག་དཔྱད་འབད་བར་འོང་མི་མིན་འདུག་ཟེར་ བཤདཔ་ཨིན་པས།

རྒྱལ་ཁབ་ནང་ མཆིན་ཚད་ཀྱི་ནད་འབུབ་ དབྱེ་རིམ་ བི་ ཐོབ་མི་ མང་ཆེ་ཤོས་ཅིག་ཡོདཔ་ལས་ དེ་ཡང་ ནད་འབུབ་ཨེཆ་ཨའི་ཝི་ལས་ལྷག་སྟེ་ དར་ཁྱབ་སོང་ནུག་ཟེར་ཨིན་པས།

རྒྱལ་ཁབ་ནང་ མཆིན་ཚད་ཀྱི་ནད་གཞི་ཐོབ་མི་ གྱངས་ཁ་ཡར་སེང་འགྱོ་དོ་མི་ལུ་བརྟེན་ མི་མང་གསོ་བའི་ལས་ཁུངས་ཀྱི་ འགོ་འདྲེན་ཐོག་ལས་ མི་མང་ལུ་ མཆིན་ཚད་ནད་གཞི་འཐོབ་ནི་ལས་ བཀག་ཐབས་ཀྱི་ཐབས་ལམ་དང་ རིག་པ་ དེ་ལས་ ཕན་གནོད་ཚུའི་ གོ་བ་བརྡ་སྤྲོད་ཚུ་ འབདཝ་བཞིན་དུ་འདུག

མཆིན་ཚད་ནད་འབུབ་ཐོབ་སྟེ་ཡོད་མི་ ལ་ལུ་ཅིག་ལུ་ སྨན་བཅོས་འབད་དེ་ དྲག་ཚུགས་པའི་ནད་འབུབ་དང་ གཅིག་གིས་གཅིག་ལུ་ མི་འབུ་ནི་གི་ཐབས་ལམ་ དེ་ལས་ ནད་འབུབ་ཀྱི་སྨན་བཅོས་ཚུ་ འབད་དགོ་པའི་སྐོར་ལས་ གསོ་བའི་ལས་རོགས་ཚུ་གིས་ གཅིག་འབྲེལ་གྱི་ཐོག་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་དེ་ སྤྱི་ལོ་༢༠༣༠ ལུ་ ནད་འབུབ་ཀྱི་ཉེན་ཁ་མེདཔ་བཟོ་ནི་ལུ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་བཞིན་དུ་ཡོད་པའི་གནས་ཚུལ།

 

 

 

Leave a Reply

Your email address will not be published. Required fields are marked *