དབྱར་རྩྭ་དགུན་འབུ་ ཀེ་ཇི་༥ གཡོ་སྒྱུར་ཐོག་ལས་འབག་མི་ མི་ངོམ་ཚུ་ འཚོལ་ཞིབ་འབད་བའི་བསྒང་།

ཆོས་ཉིད་བཟང་མོ།

མི་གནགཔ་༣ གྱིས་ དབྱར་རྩྭ་དགུན་འབུ་ ཀེ་ཇི་༥ རྒྱལ་ས་ལུ་ བཙོང་ནིའི་དོན་ལུ་ འབག་འོང་མི་དེ་ ངོ་མ་ཤེས་མི་ མི་ངོམ་༢ ཀྱིས་ ནགས་ཚལ་ལས་ཁུངས་ཀྱི་ ནགས་ཚལ་སྲུང་སྐྱོབ་ལས་རོགསཔ་ཨིན་ཟེར་སླབ་སྟེ་ དབྱར་རྩྭ་དགུན་འབུ་ག་ར་ འབག་འགྱོ་ཡོདཔ་སྦེ་ ཁྲིམས་སྲུང་འགག་པ་ལུ་ ལྷོད་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༧ པའི་ སྤྱི་ཚེས་༢༧ གྱི་དྲོ་པ་ཆུ་ཚོད་༨ དེ་ཅིག་ཁར་ དབྱར་རྩྭ་དགུན་འབུ་ ཉོ་བཙོང་འཐབ་མི་ཚུ་ གླང་ཇོ་ཕར་ཁ་ལུ་ དབྱར་རྩྭ་དགུན་འབུ་ ཉོ་ནི་ཟེར་མི་ ཕོ་སྐྱེས་དེ་གིས་ ཆ་རོགས་ཀྱི་ཁྱིམ་ནང་འཛོམས་ནི་སྦེ་ དུས་ཚོད་གཏན་འཁེལ་བཟོ་སྟེ་ ཉོ་བཙོང་འཐབ་ནི་སྦེ་ འཛོམས་སྡོད་པའི་བར་ན་ ཧང་ཏོ་མ་ ཕོ་སྐྱེས་༢ ནགས་ཚལ་ལས་རོགསཔ་གིས་ གོ་ལ་གྱོན་ཏེ་འོང་ཡི་ཟེར་ཨིན་པས།

དེ་ལས་ ཁོང་ ཕོ་སྐྱེས་༢ ཀྱིས་ དབྱར་རྩྭ་དགུན་འབུ་ ཉོ་བཙོང་འཐབ་མི་ཚུ་ལུ་ དེ་སྦེ་ ཉོ་བཙོང་འཐབ་མི་ཆོག་ཟེར་སླབ་སྟེ་ འབྱོར་རྟགས་བཟོ་བྱིན་ཏེ་ དབྱར་རྩྭ་དགུན་འབུ་དེ་ རྟོག་མེད་དབང་བཟུང་འབད་དེ་ འབག་ཡར་སོང་ཡི་ཟེར་ཨིན་པས།

དབང་འདུས་རྫོང་ཁག་ ཀ་གཞི་རྒེད་འོག་ བོད་གླང་བྲག་གཡུས་ཚན་ལས་ཨིན་མི་ ཉམས་རྒུདཔ་བྱུང་མི་ ཕོ་སྐྱེས་༣ གྱིས་ སྤྱི་ཚེས་༢༨ ལུ་ ནགས་ཚལ་ཡིག་ཚང་ནང་སོང་སྟེ་ སྙན་ཞུ་འབད་བའི་སྐབས་ ནགས་ཚལ་ཡིག་ཚང་ལས་ འདི་བཟུམ་མའི་ ལོ་རྒྱུས་ག་ནི་ཡང་མ་ཐོན་ཟེར་ཨིནམ་ད་ གནད་དོན་འདི་བཟུམ་ ཐོནམ་འདྲཝ་ཅིག་འབད་བ་ཅིན་ ནགས་ཚལ་ལས་རོགསཔ་ ག་གི་ར་འབད་རུང་ ཡིག་ཚང་ལུ་ སྙན་ཞུ་ལྷོད་འོང་ཟེར་ སླབ་ཡོདཔ་སྦེ་ཨིན་པས།

དེ་ལས་ ཉམས་རྒུདཔ་༣ གྱིས་ ཁྲིམས་སྲུང་འགག་པའི་ཡིག་ཚང་ལུ་ སྤྱི་ཟླ་༧ པའི་ སྤྱི་ཚེས་༣༠ ལུ་ སྙན་ཞུ་འབད་དེ་ཡོདཔ་སྦེ་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་འགོ་དཔོན་གྱིས་བཤད་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་ཡིག་ཚང་ལུ་ སྙན་ཞུ་ལྷོདཔ་ཅིག་ར་ འདི་འཕྲོ་ལས་ གནད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་སྐབས་ དབང་འདུས་རྫོང་ཁག་ལས་ཨིན་མི་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་འདི་ ཚོང་མགྲོན་འཐབ་སྡོད་མི་ཅིག་ཨིན་པའི་གུ་ དབྱར་རྩྭ་དགུན་འབུ་ ཉོ་ནི་ཟེར་མི་འདི་ཨིན་པས།

དབྱར་རྩྭ་དགུན་འབུ་ཉོ་ནི་ཟེར་མི་ ཕོ་སྐྱེས་འདི་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཀྱི་དོན་ལུ་ ས་གནས་དེ་ནང་ལས་ ཉིནམ་དེ་ཁར་ར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ ཞག་ཅིག་བཞག་ཡོདཔ་ད་ དེ་གི་ནངས་པ་ རྒྱབ་མི་བཙུགས་ཐོག་ལས་ ཁྲིམས་འཐུས་བཏབ་སྟེ་ བཏང་ཡོདཔ་སྦེ་ཨིན་པས།

ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ ཉམས་རྒུདཔ་ཚུ་ལུ་ འདྲི་ཞིབ་འབད་བའི་སྐབས་ དབྱར་རྩྭ་དགུན་འབུ་འདི་ ཁོང་གི་མེན་པར་ གཞན་ཁ་ལས་ ཉོ་འབག་འོང་ཡི་ཟེར་ཨིན་པའི་གུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་འབུམ་༩ ལྷགཔ་ཅིག་སྦེ་ གོང་ཚད་སྒྲིག་ཐོག་ལས་ ཐིམ་ཕུག་ལུ་ འབག་འོང་ཡི་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་སྦེ་ཨིན་པས།

ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་སླབ་མིའི་ནང་ གནད་དོན་འདི་གུ་ ཞིབ་དཔྱད་འབད་བའི་བསྒང་ར་ཡོདཔ་ལས་ འགག་སྡེའི་ཡིག་ཚང་ནང་ གཡོ་སྒྱུར་གྱི་ཐོག་ལས་ འཕྲོག་བཅོམ་འབད་ཡོདཔ་སྦེ་ ཐོ་བཀོད་སྙན་ཞུ་ནང་ འབད་དེ་ཡོད་ཟེར་ཨིན་པས།

དེ་ལས་ ཉོ་བཙོང་འཐབ་ཡོད་མི་ནང་འཁོད་ལུ་ གཡོ་སྒྱུར་འབད་དེ་ཡོད་མེད་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ར་ཨིནམ་བཞིན་དུ་ གནད་དོན་དེ་ནང་ གྲལ་གཏོགས་ཡོད་མི་ མི་ངོམ་ག་ར་ འཚོལ་ཞིབ་འབད་བའི་བསྒང་ར་ ཡོདཔ་ཨིན་པའི་གནས་ཚུལ།

 

 

 

 

Leave a Reply

Your email address will not be published. Required fields are marked *