སྐྱེས་ལོ་༢༢ ལང་མི་དོགས་ཅན་ཕོ་སྐྱེས་ཀྱིས་ བྱ་ཆུང་ཉེན་སྲུང་ལས་སྡེ་གི་ སྲུང་རྒྱབ་བསད་ཡོདཔ་སྦེ་ ཁ་བཟེད་ཡོདཔ།

ཆོས་ཉིད་བཟང་མོ།
ཐིམ་ཕུག་ཁྲོམ་སྡེའི་ ཁྲིམས་སྲུང་འགོ་དཔོན་གྱིས་བཤད་མི་ནང་ སྤྱི་ཟླ་༢ པའི་ སྤྱི་ཚེས་༨ ལུ་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ བྱ་ཆུང་ཉེན་སྲུང་ཞབས་ཏོག་གི་སྲུང་རྒྱབ་ སྐྱེས་ལོ་༢༤ ལང་མི་༡ སྨན་ཁང་ གསརཔ་གི་ ཐོག་ཚད་༣ པ་ནང་ལུ་ བསད་ཡོད་པའི་ དོགས་ཅན་ཕོ་སྐྱེས་དེ་གིས་ ཉེས་ལས་འབད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་པས།
གནད་དོན་དེའི་ཐོག་ལུ་ ཁྲིམས་སྲུང་འགག་སྡེ་གིས་ དོགས་ཅན་ཕོ་སྐྱེས་དེ་ལས་ ངག་བརྗོད་ལེན་པའི་སྐབས་ལུ་ དོགས་ཅན་དེ་གིས་ ངག་བརྗོད་ནང་ སྤྱི་ཟླ་༢ པའི་ སྤྱི་ཚེས་༨ དུས་ཡུན་ཆུ་ཚོད༡༩.༠༠ དེ་ཅིག་ལུ་ ནུབ་མོའི་སྒྲིག་གཡོག་ནང་ལྷོད་པའི་ཤུལ་ལུ་ སྨན་ཁང་བདག་སྐྱོང་གི་ དོགས་ཅན་ཕོ་སྐྱེས་དེ་ ལཱ་གཡོག་ནང་ལས་བཏོན་གཏང་ཡོད་པའི་ཁར་ སྨན་ཁང་ནང་ལུ་ སྲུང་རྒྱབ་མང་ཤོས་ཀྱིས་ར་ དོགས་ཅན་དེ་ ལཱ་གཡོག་ནང་ལས་བཏོན་གཏང་ཡོད་པའི་སྐོར་ལས་ མ་ཤེས་རུང་ ཚེ་འདས་ཕོ་སྐྱེས་དེ་གི་ དོགས་ཅན་གི་སྐོར་ལས་ ཤེས་ཡོདཔ་མ་ཚད་ དོགས་ཅན་ཕོ་སྐྱེས་དེ་ཡང་ དུས་ཚད་ཕྱི་རུ་ སྨན་ཁང་ནང་ལུ་ སྡོད་སར་མཐོང་ཡོདཔ་ལས་ ཚེ་འདས་དེ་གི་ དེ་སྦེ་ སྨན་ཁང་ནང་མ་སྡོད་ཟེར་སླབ་མི་ལུ་བརྟེན་ ཁོང་གཉིས་ཀྱི་བར་ན་ འཐབ་འཛིང་འབྱུང་ཡི་ཟེར་ བཤད་ཡོདཔ་ཨིན་པས།
འགོ་དཔོན་གྱིས་སླབ་མི་ནང་ དོགས་ཅན་ཕོ་སྐྱེས་དེ་ བཞག་ཡང་ སྨན་ཁང་ནང་ལུ་ ཉལ་དོ་ཡོདཔ་མ་ཚད་ བཞེས་སྒོ་ཡང་ སྨན་ཁང་ནང་ལས་ ཟ་སྟེ་སྡོད་ཡོདཔ་ད་ རྐྱེན་ངན་འབྱུང་པའི་ཚད་ལུ་ ཚེ་འདས་སྲུང་རྒྱབ་དེ་གི་ དོགས་ཅན་དེ་ལུ་ སྨན་ཁང་ནང་མ་ཉལ་བར་ ཁྱིམ་ནང་སོང་ཟེར་སླབ་ད་ལུ་ ཚེ་འདས་དེ་སྨན་ནང་ལུ་ ཞིབ་དཔྱད་འགྱོ་བའི་སྐབས་ལུ་ དོགས་ཅན་དེ་ཙིགཔ་ཟ་སྟེ་ འདི་འཕྲོ་ལས་ ཚེ་འདས་ཀྱི་ རྒྱབ་ཁར་ལས་ དྲང་སྟེ་མགྱོགས་ཡར་སོངམ་ཨིན་པས།
དེ་ལས་ དོགས་ཅན་ཕོ་སྐྱེས་འདི་ ཚེ་འདས་ཕོ་སྐྱེས་དེ་ལུ་ དྲང་ཞིནམ་ལས་ མེན་རྫུ་བཏབ་སྟེ་ ཐོག་ཚད་༢ པའི་ ནང་ལུ་ ནདཔ་ཚུ་དང་གཅིག་ཁར་ བློ་སླབ་སྟེ་སྡོད་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་ཚུ་ སྨན་ཁང་ནང་ལྷོད་པའི་སྐབས་ལུ་ དོགས་ཅན་དེ་ ཆབ་གསང་ནང་ལས་འཐོན་སར་མཐོང་སྟེ་ ཁྲིམས་སྲུང་འགག་པ་ཚུ་གི་ དོགས་ཅན་དེ་གི་ སྤྱོད་ལམ་ལུ་བལྟ་སྟེ་ དོགས་པ་ཆགས་ཡོདཔ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་དེ་འཛིན་བཟུང་འབད་དེ་ ཞིབ་དཔྱད་འབདཝ་ད་ དོགས་ཅན་དེ་གི་ ཇེ་ཀེཊ་ག་རང་ཧྲལ་གཏང་སར་མཐོང་ཡོད་རུང་ ཁོ་གིས་ སྨན་ཁང་ནང་ལུ་ ནད་གཡོགཔ་སྦེ་སྡོད་ཡི་ཟེར་ སླབ་ཡོད་མི་དེ་ ཤོབ་རྐྱབ་ཡོད་པའི་ཁར་ སྨན་ཁང་ནང་ལུ་ཡོད་མི་ ནདཔ་དེ་ལུ་ འདྲི་ཞིབ་འབདཝ་ སྤུན་ཆ་མེན་ཟེར་ ཁ་བཟེད་མ་བཏུབཔ་ལས་ དོགས་ཅན་དེ་ལུ་ ལོག་འདྲི་ཞིབ་འབདཝ་ད་ ཤོབ་རྐྱབ་ཡི་ཟེར་ བཤད་ཡོདཔ་ཨིན་པས།
དོགས་ཅན་དེ་གིས་ ཉེས་ལས་འབད་བའི་སྐོར་ལས་ ཁ་བཟེད་ཡོད་རུང་ གནད་དོན་དེའི་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ལུ་ རྐྱེན་ངན་དེ་ ག་ཅི་ལས་བརྟེན་ཏེ་ འབྱུང་ཡོདཔ་ཨིན་ན་ ཁྲིམས་སྲུང་སྡེ་ཚན་གྱིས་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ར་ཡོད་ཟེར་ འགོ་དཔོན་གྱིས་བཤད་ཡོདཔ་ཨིན་པའི་ གནས་ཚུལ།

Leave a Reply

Your email address will not be published. Required fields are marked *