ཐིམ་ཕུག་ཟངས་མདོག་དཔལ་རི་ལྷ་ཁང་ནང་ལུ་སྦེ་ མར་མེ་འབུམ་དང་བཛྲ་གུ་རུ་དུང་སྒྲུབ་ བསག་པའི་བསྒང་།

འཇིགས་མེད་བསྟན་འཛིན།

ཐིམ་ཕུག་ སྔ་འགྱུར་སྒོམ་སྡེ་ཟངས་མདོག་དཔལ་རི་ནང་ལུ་ སྤྱི་ཟླ་འདི་གི་ སྤྱི་ཚེས་༣ ལས་འགོ་བཙུགས་ཏེ་ རྒྱལ་བློན་འབངས་འཁོར་གསུམ་དང་ སྐུ་འཁོར་ལྷན་རྒྱས་རྣམ་ དེ་ལས་ ཆོས་ཀྱི་དབུ་ཁྲི་ སྐྱབས་རྗེ་དམ་པ་ རྗེ་མཁན་ཁྲི་རབས་༧༠ པ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ སྐུ་ཚེ་ཞབས་པས་བརྟན་ མཛད་པ་འཕྲིན་ལས་ དར་ཤིང་རྒྱས་ཏེ་ རྒྱལ་ཁབ་ནང་ལུ་ དགའ་སྐྱིད་འབྱུང་ཐབས་ལུ་ བླམ་ཀརྨ་ཡོན་ཏན་གྱི་ དབུ་བཞུགས་ཐོག་ ཨ་ཎིམོ་ཞལ་གྲངས་༤༠ དེ་ཅིག་གི་ ཉིན་གྲངས་༡༠ གི་རིང་ལུ་ མར་མེ་འབུམ་དང་ བཛྲ་གུ་རུ་དུང་སྒྲུབ་བསག་གནང་དོ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ལུ་ འདི་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་མི་ལུ་བརྟེན་ སྤྱིར་འཛམ་གླིང་ནང་ ཞི་བདེ་དང་དགའ་སྐྱིད་ཡུན་རིང་གནས་ཏེ་ ཚེ་འདི་ཕྱི་གཉིས་ལུ་ བར་ཆད་བསལ་ཏེ་ བྱ་བ་ལམ་འགྲོ་ཚུ་ ལེགས་ཤོམ་འགྱོ་ནི་དང་ ལྷག་པར་དུ་ ནདཔ་ཚུ་གི་དོན་ལུ་ སྨད་བཅོས་དང་འབྲེལ་བའི་ འཁྲུས་གསོལ་དང་རྒྱབ་འཕྲུ་གཞན་ཡང་ གསོན་པོ་དང་གཤིན་པོའི་སྔོ་བ་ཚུ་ གནང་དོ་ཡོདཔ་ཨིན་པས།

ལས་རིམ་འདི་ནང་ རྒན་གཞོན་མེད་པར་ མ་ནི་དང་བཛྲ་གུ་རུ་བགྱང་མི་དང་ དེ་ལས་ མར་རེ་ཕུལ་མི་ཚུ་ ཉིན་བསྟར་ཞིན་དུ་འོང་དོ་ཡོདཔ་མ་ཚད་ དཀར་པོ་དགེ་བའི་ལཱ་ལུ་ བརྩན་ཤུགས་བསྐྱེད་ཐབས་ལུ་ ཁེ་ཕན་སྦོམ་འབྱུང་དོ་ཡོདཔ་ཨིན་པས།

མར་མེ་འབུམ་དང་བ་ཛྲ་གུ་རུ་དུང་སྒྲུབ་ཚོགས་འཁོར་གྱི་ སྦྱིན་བདག་ཨོ་ལ་ཁ་གི་བླམ་ རྐམ་ཡོན་ཏན་གྱི་ ལོ་བསྟར་བཞིན་དུ་ ཚོགས་འབུམ་དང་ ཕྲོལ་འབུམ་ དེ་ལས བཛྲ་གུ་རུ་དང་ བདེ་ཆེན་ཞིང་སྒྲུབ་བསག་དོ་ཡོདཔ་ལས་ འདི་བཟུམ་གྱི་ ཆོས་འབྲེལ་གྱི་ལས་རིམ་ཚུ་ རྒྱུན་མ་ཆད་པར་ འགོ་འདྲེན་འཐབ་ནི་ཨིན་ཟེར་ བཤདཔ་ཨིན་པས།

འདི་བཟུམ་གྱི་ ཆོས་འབྲེལ་གྱི་ལས་རིམ་ཚུ་ རྗོང་ཁག་གཞན་ཁ་ལུ་ཡང་ འགོ་འདྲེན་ཐབས་ནི་གི་ ལས་རིམ་ཅིག་ཡོདཔ་ད་ རྩི་རང་རྗོང་ཁག་ མེན་འབྲེལ་གང་ལུ་ ཚོགས་འབུམ་གྱི་ ཚོགས་འཁོར་སྐོར་ནི་ འགོ་བཙུགས་ཡོདཔ་ཨིན་པས།

ཉིནམ་འདི་ཁར་ ཕམ་རྒན་ཤོས་ལ་ལུ་ཅིག་གིས་ སྨོན་ལམ་ཚུ་བཏབ་སྟེ་ རང་སོའི་དད་མོས་དང་འཁྲིལ་ཏེ་ མར་དང་མར་ཊིན་དང་ དེ་ལས་ ཚོགས་ཚུ་ཕུལ་བར་འོང་དོ་ཡོདཔ་ད་ ཚོགས་འཁོར་འདི་ སྤྱི་ཟླ་འདི་གི་ཚེས་༡༢ རེས་གཟའ་ལྷག་ལ་ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *