གནས་ཆེན་སེང་གེ་རྫོང་ ཆགས་ཚུལ།

འཇིགས་མེད་བསྟན་འཛིན།

ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ནང་ཡོད་པའི་ སེང་གེ་རྫོང་འདི་ ཨྱོན་གུ་རུ་རིན་པོ་ཆེ་གི་ སྦས་གནས་ཁྱད་པར་ཅན་ ལེ་ཤ་ཡོད་པའི་ནང་ལས་ འཕྲིན་ལས་ཀྱི་གནས་རྩ་ཅན་ ཡ་མཚན་ཆེ་ཏོག་ཏོ་སྦེ་ རྒྱ་མཚོ་ལས་ མཐོ་ཚད་མི་ཊར་༣,༠༠༠ གུ་ ཆགས་ཏེ་ཡོདཔ་བཞིན་དུ་ ལྷུན་རྩེ་རྫོང་ལས་ རྐང་ཐང་ཉིནམ་༣ གི་ས་ཁར་ཨིན་པས།

སེང་གེ་རྫོང་གི་ནང་ན་ གུ་རུ་རིན་པོ་ཆེའི་ སྤྲུལ་པའི་མཚན་བརྒྱད་ཀྱི་བརྡ་མཚན་ལུ་ སེང་གེ་རྫོང་དང་ དགའ་བ་རྫོང་ འདུལ་བ་རྫོང་ རྡོ་རྗེ་རྫོང་ ནམ་མཁའ་རྫོང་ པདྨ་རྫོང་ རིན་ཆེན་རྫོང་ རྩེ་མོ་རྫོང་ཟེར་ རྫོང་ནང་གསེས་དབྱེ་བ་༨ ལུ་ དུར་ཁྲོད་རེ་རེ་ཡོདཔ་ཨིན་པས།

རྫོང་འདི་ ཕྱི་ལྟར་དུ་ རྫོང་ནང་གསེས་༨ སྦེ་མཇལ་རུང་ ནང་ལྟར་དུ་ དུར་ཁྲོད་ཆེན་པོ་༨ དང་ གསང་བའི་ལྟར་དུ་ ཟངས་མདོག་དཔལ་རི་ རྒྱལ་བ་རིགས་ལྔའི་ཞིང་ཁམས་དངོས་སྦེ་ མཇལ་དོ་ཡོདཔ་ད་ ད་ལྟོ་ སེང་གེ་རྫོང་དང་ དགའ་བ་རྫོང་གཉིས་ལུ་ ལྷ་ཁང་རེ་བཞེངས་ཏེ་ཡོདཔ་ཨིན་པས།

སེང་གེ་རྫོང་གི་བྱག་ཕུག་འདི་ བྱག་སེང་གི་འགྱིངས་བཟུམ་ཡོདཔ་ལས་ སེང་གེ་རྫོང་ཟེར་ མཚན་བཏགས་ཏེ་ཡོད་པའི་གུ་ ལུང་གཤོང་ནང་ཡོད་པའི་ གནས་ཚུ་གི་མིང་ཡང་ སེང་གེ་རྫོང་གི་གནས་ཟེར་ དར་ཁྱབ་སོང་སྟེ་ཡོདཔ་ཨིན་མས།

སེང་གེ་རྫོང་གི་བྱག་ཕུག་ནང་ སློབ་དཔོན་པདྨ་འབྱུང་གནས་ཀྱི་གཟུངས་མ་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ སྒྲུབ་པ་ཞག་༢༡ བསྒྲུབས་པའི་ཤུལ་ལུ་ ཕུར་པོའི་ལྷ་ཚོགས་རྣམས་ཀྱིས་ དངོས་སུ་ཞལ་གཟིགས་གནང་ཡོདཔ་མ་ཚད་ འོད་ཟེར་འཕྲོ་བ་དང་ བྲོ་འཁྲབ་སོགས་པའི་ སྒྲུབ་རྟགས་ཚུ་ བྱུང་ཡོདཔ་བཞིན་དུ་ ཕུར་པའི་སྒྲུབ་ཕུག་ནང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ ཕུར་པའི་སྒྲུབ་པ་དང་ སྨན་གྱི་སྒྲུབ་པ་ཚུ་ གནང་ས་དང་ སྒྲུབ་པ་གནང་ཏེ་ ཞག་༢༡ ལངམ་ད་ སྒྲུབ་རྟགས་བྱུང་སྟེ་ བྱག་གུ་ ཕུར་པ་བརྡབས་བཞག་ཡོད་པའི་ ཤུལ་དོང་ཚུ་ ད་རེས་ཡང་ མཇལ་ཚུགསཔ་ཨིན་པས།

ཧེ་མ་འབད་བ་ཅིན་ སེང་གེ་རྫོང་གི་ གནས་ཀྱི་ས་ཁོངས་ཚུ་ནང་ མཚོ་འཁྱིལ་ཡོད་མི་དེ་ གུ་རུ་རིན་པོ་ཆེ་གིས་ མཚོ་གཤགས་བཀོ་ཞིན་ན་ དེ་ཁར་གནས་ཏེ་ཡོད་མི་ ཀླུ་དང་ བདུད་ དེ་ལས་ འདྲེ་སྲིན་གདུག་པ་ཅན་ཚུ་ དམ་བཏགས་ནུག

དེ་ཡང་ གུ་རུ་རིན་པོ་ཆེ་གིས་ གནས་འདི་ཁར་ བྱ་ཁྱུང་༡༠༨ ལས་༡༠༤ དམ་ལུ་བཏགསཔ་ད་ བྱ་ཁྱུང་༢ མཚོ་དཀར་ནག་ལུ་དང་ བྱ་ཁྱུང་༢ མཁོ་མཐུག་འཕུར་སོངམ་ལས་ བྱ་ཁྱུང་༡ རྩེ་མོ་རྫོང་ལུ་དང་ གཞན་མི་༣ འདི་ ལམ་ཁར་བདའ་ཟུན་ཏེ་ དམ་ལུ་བཏགས་ནུག

མི་ཚུ་གིས་འབད་བ་ཅིན་ རང་ལུ་ ཀླུ་བདུད་ཀྱི་གནོད་པའི་སྐབས་ གནས་དེ་ཁར་ལས་ ས་འབག་སྟེ་སྟོར་བ་ཅིན་ བཟློག་ཐབས་འབད་ཚུགས་ཟེར་ བཤདཔ་ཨིན་པས།

ད་རེས་ དགའ་བ་རྫོང་ནང་ གུ་རུ་གསུང་བྱོན་གྱི་གཙོས་པའི་ རྟེན་རྩ་ཅན་ཚུ་མཇལ་ནི་ཡོདཔ་དང་ སེང་གེ་རྫོང་འདི་ འཕྲིན་ལས་ཀྱི་གནས་འབདཝ་ལས་ ཕུར་པ་གཙོ་འཁོར་ལྔཔ་དེ་ གུ་རུ་རིན་པོ་ཆེ་གིས་ གཏེར་བཞེས་མཛད་དེ་ མ་འོངས་དད་ཅན་ཚུ་ལུ་ ཕུར་པ་འཕྲིན་ལས་ཀྱི་ བྱིན་བརླབས་གནང་ཡོདཔ་སྦེ་ ཨིན་པས།

གུ་རུ་རིན་པོ་ཆེ་གིས་ གནས་ཆེན་སེང་གེ་རྫོང་དང་རོང་མོ་སྟེང་། ། རྒྱ་གར་རྡོ་རྗེ་གདན་དང་མཉམ་པའི་གནས་ཆེན་ཡིན། ། མིག་གིས་མཐོང་བ་ཙམ་གྱིས་ཀྱང་། ། རིགས་ངན་ཤན་པ་ཡིན་ཀྱང་མཐོ་རིའི་གནས་སུ་སྐྱེས། ། ཟེར་གསུངས་ཏེ་ཡོདཔ་ལས་ མི་ག་ར་འབད་རུང་ གནས་འདི་མཇལ་བ་ཙམ་གྱི་ བྱང་ཆུབ་ཐོབ་ནི་དང་ ཕྱི་མ་ཟངས་མདོག་དཔལ་རི་ལུ་ སྐྱེས་བར་ཐེ་ཚོམ་མེདཔ་ཨིན་པས།

སེང་གེ་རྫོང་གི་གནས་ཚུ་ ཕྱི་སྐོར་དང་ ནང་སྐོར་མཇལ་ནིའི་དོན་ལུ་ ཉིནམ་༤ དེ་ཅིག་འགོར་དོ་ཡོདཔ་ད་ སེང་གེ་རྫོང་ལས་ རོལ་མོ་སྟེང་བར་ནའི་གནས་དང་ ཕུག་མོ་ཆེན་གྱི་གནས་ཚུ་མཇལ་བ་ཅིན་ ཉུང་ཤོས་དུས་ཡུན་ ཉིནམ་༢ རྩིས་ཏེ་ ཉིན་གྲངས་༦ གི་རིང་ འགོར་དོ་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *