ཁྲིམས་སྲུང་འགག་སྡེ་གི་ ཁྱེད་སློབ་ཚུ་ལུ་ ཤེས་ཡོན་མེད་རུང་ གོ་གནས་ཡར་སེང་གི་གོ་སྐབས།

ད་ལས་ཕར་ ཁྲིམས་སྲུང་འགག་སྡེ་གི་ ཁྱེད་སློབ་ཚུ་ལུ་ ཤེས་ཡོན་མེད་རུང་ ལྕོགས་གྲུབ་ཡོད་པ་ཅིན་ གོ་གནས་ཡར་སེང་གི་ གོ་སྐབས་ཚུ་ འཐོབ་ཚུགསཔ་བཟོ་མི་ལས་བརྟེན་ ཁྱེད་སློབ་དགོངས་ཞུ་འགྱོ་མི་གི་ གྱངས་ཁ་ཚུ་མར་ཕབ་འབད་ཚུགས་ནི་ཨིནམ།

ཆོས་ཉིད་བཟང་མོ།

རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁྱེད་སློབ་ཚུ་ ཤེས་ཡོན་མེད་དེ་འབད་རུང་ ལཱ་གཡོག་འབད་བའི་སྐབས་ལུ་ ཕྱག་ལེགས་ཤོམ་ཞུ་དོ་ཡོདཔ་ད་ ལ་ལུ་ཅིག་ ཁོང་རའི་ཆ་རོགས་ཚུ་ གོ་གནས་ཡར་སེང་དོན་ལུ་ ཆོས་རྒྱུགས་རྐྱབ་སྟེ་ ཡར་སེང་འཐོབ་ད་ ཤེས་ཡོན་མེད་མི་ཚུ་ ཆོས་རྒྱུགས་རྐྱབ་མ་ཚུགསཔ་ལས་ གོ་གནས་ཡར་སེང་མ་འཐོབ་མི་ལུ་བརྟེན་ སེམས་ཕམ་སྟེ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་མི་ ལེ་ཤ་འཐོན་དོ་ཡོདཔ་ལས་ འདི་གི་ཐབས་ལམ་ལུ་ འགག་སྡེའི་ཡིག་ཚང་ལྟེ་བ་གིས་ དུས་ཅི་ལས་ ཤེས་ཡོན་མེད་རུང་ ལྕོགས་གྲུབ་ལུ་བལྟ་སྟེ་ གོ་གནས་ཡར་སེང་འབད་དོ་ཡོདཔ་ཨིན་པས།

རྒྱལ་གཞུང་འབྲུག་གི་འགག་སྡེའི་ཡིག་ཚང་ལྟེ་བ་གིས་ འགོ་དཔོན་བཙག་འཐུ་ཚོགས་པ་ཅིག་བཟོ་སྟེ་ ཡོན་ཏན་མེད་རུང་ ད་ཚུན་ གཞུང་ལུ་ ཐ་དམ་ཚིག་གཙང་མའི་ཐོག་ལས་ ཤ་ཚ་ཧིང་ཚ་སྦེ་ ཕྱག་ཞུ་མི་ལྕོགས་གྲུབ་ཅན་གྱི་ སློབ་དཔོན་༡༠༩ འདམ་འཐུ་འབད་དེ་ གོ་གནས་ཡར་སེང་གནང་ཡོདཔ་ཨིན་པས།

གནད་དོན་འདི་ལུ་ འགག་སྡེའི་གཙོ་བོ་འཛིན་འགོ་དཔོན་འཆི་མེད་གྱིས་སླབ་མི་ནང་ ཁྱེད་སློབ་གོ་གནས་ཡར་སེང་མ་འཐོབ་མི་ཚུ་གིས་རང་འབད་རུང་ གོ་གནས་ཡར་སེང་འཐོབ་མ་ཐོབ་པའི་ ཚ་གྱང་མ་ལང་པར་ དཔེ་གོ་གནས་ཡར་སེར་ཐོབ་མི་ཁྱེད་སློབ་༡༠༩ ལུ་ བལྟ་ཞིནམ་ལས་ ཐ་དམ་ཚིག་གཙང་མའི་ཐོག་ལས་ རྩ་བ་གསུམ་ལུ་ ཕྱག་ཕྱིད་ཞུ་དགོཔ་ཁག་ཆེ་ཟེར་ཨིན་པས།

འདི་བཟུམ་སྦེ་ དམག་སློབ་མང་ཤོས་ར་ དམག་གསར་སྦེ་ འཛུལ་ཞུགས་འབད་བའི་སྐབས་ལུ་ རྐྱངམ་གཅིག་སྦྱོང་བརྡར་འཐོབ་སྟེ་ འདི་གི་ཤུལ་ལུ་ སྦྱོང་བརྡར་ཚུ་ག་ནི་ཡང་ མ་འཐོབ་མི་ལུ་བརྟེན་ ད་ལས་ཕར་ དམག་སློབ་ཀྱི་སྦྱོང་བརྡར་ཚུ་ ལོ་ངོ་༥ དང་༧ གི་བར་ན་ཚར་རེ་ འཐོབ་ཚུགསཔ་བཟོ་ནི་ཨིནམ་མ་ཚད་ གནས་སོར་བཏང་པའི་སྐབས་ལུ་ ཞག་ཉལ་སའི་ དཀའ་ངལ་ཚུ་ཡང་ སེལ་ཐབས་ལུ་ རྫོང་ཁག་ག་རའི་ནང་ལུ་ ཞག་ཉལ་སའི་སྡོད་སྒར་ཚུ་ཡང་ བརྐྱབ་ནི་ཨིན་ཟེར་བཤད་ཅི།

ད་རེས་ རྒྱལ་ཁབ་ནང་ལུ་ དམག་མི་བསྡོམས་ཀྱི་༤,༠༠༠ དེ་ཅིག་ཡོདཔ་ས་ལས་ ཁྱེད་སློབ་བརྒྱ་ཆ་༤༠ ལས་༦༠ དེ་ཅིག་ཡོད་མི་ཚུ་ག་ར་ ཤེས་ཡོད་མི་རྐྱངམ་གཅིག་ གོ་གནས་ཡར་སེང་གི་ གོ་སྐབས་འཐོབ་ཡོདཔ་ཨིན་པས།

ད་རུང་ ཁྱེད་སློབ་ལ་ལུ་ཅིག་ལུ་ ཤེས་ཡོན་མེད་རུང་ ཤེས་ཡོན་ཡོད་མི་ལས་ལྷག་སྟེ་ ཉེས་ལས་མར་ཕབ་འབད་ཐབས་ལུ་ རྒྱལ་ཁབ་ལུ་ ཕྱག་ཕྱི་ གང་དྲག་ཞུ་མི་ལུ་བརྟེན་ཏེ་ གོ་གནས་ཡར་སེང་གི་ གོ་སྐབས་བྱིན་ཡོདཔ་ཨིན་པའི་ གནས་ཚུལ།

Leave a Reply

Your email address will not be published. Required fields are marked *