ཁྲིམས་ཁང་གི་རྩ་བར་ལས་ བྱོག་འགྱོ་མི་བཙོན་པ་འདི་ ལོག་འཛིན་བཟུང་།

ཆོས་ཉིད་བཟང་མོ།

གཞལམ་སྒང་རྫོང་ཁག་ ཀྲོང་ཏ་མང་ལས་ཨིན་མི་ དོགས་ཅན་ཕོ་སྐྱེས་ རྡོ་རྗེ་རྒྱལ་མཚན་འདི་ ཨར་རྐུན་འབད་ཡོད་པའི་ གནད་དོན་ཐོག་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༣ པའི་ནང་ འཛིན་བཟུང་འབད་དེ་ འགག་སྡེའི་དོ་དམ་འོག་ལུ་བཞག་སྟེ་ ཞིབ་དཔྱད་འབད་ཚར་བའི་ཤུལ་ལུ་ སྤྱི་ཟླ་༦ པའི་སྤྱི་ཚེས་༡༩ དུས་ཡུན་ཆུ་ཚོད་༡༠.༣༠ དེ་ཅིག་ཁར་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཁྲིམས་དཔྱད་ཀྱི་དོན་ལུ་ འཁྱིད་འགྱོ་བའི་སྐབས་ ཁྲིམས་ཁང་གི་རྩ་བར་ལྷོད་དེ་ དུས་ཡུན་དུམ་གྲ་ཅིག་ལས་ དོགས་ཅན་འདི་ ག་སོང་མེད་པར་ བྱོག་འགྱོ་ཡོདཔ་ཨིན་པས།

ཨིན་རུང་ དོགས་ཅན་ཕོ་སྐྱེས་འདི་ བྱོག་འགྱོ་བའི་ ཉིན་མར་ལས་འགོ་བཟུང་སྟེ་ ཁྲིམས་སྲུང་ཞིབ་དཔྱད་སྡེ་ཚན་ཚུ་གིས་ འཚོལ་ཞིབ་འཕྲོ་མཐུད་འབད་བའི་ཤུལ་ལུ་ ཉིན་གྲངས་༢༢ ཀྱི་ནང་འཁོད་ སྤྱི་ཟླ་དེ་གིས་ སྤྱི་ཚེས་༡༠ གི་ཉིན་མར་ ལོག་འཛིན་བཟུང་འབད་ཡོདཔ་ཨིན་པས།

དེ་ཡང་ བསམ་རྩེ་ཁྲིམས་སྲུང་འགག་པ་གིས་ དོགས་ཅན་ཕོ་སྐྱེས་དེ་ བསམ་རྩེ་ལུ་ མཐོང་ཡོད་པའི་ཤུལ་ལས་ འཛིན་བཟུང་འབད་དེ་ སྤྱི་ཟླ་དེ་གིས་ སྤྱི་ཚེས་༡༡ ལུ་ བསམ་རྩེ་ལས་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ འཁྱིད་འོང་ཡོདཔ་ཨིན་པས།

དོགས་ཅན་ཕོ་སྐྱེས་འདི་ ཁྲིམས་ཀྱི་འདུན་སར་ འདས་པའི་ཟླཝ་ནང་ འཁྱིད་འགྱོ་ཡོད་རུང་ བྱོག་འགྱོ་ཡོད་མི་ལུ་བརྟེན་ ཁྲིམས་ཁང་ལས་ འཁྲུན་ཆོད་བཏོན་མ་ཚུགས་པར་ལུས་ཡོདཔ་ལས་ གནད་དོན་འདི་ ལོག་སྟེ་ར་ ཁྲིམས་ཀྱི་འདུན་སར་ སྤྱི་ཟླ་དེ་གིས་ སྤྱི་ཚེས་༡༢ ལུ་ ཕུལ་ཡོདཔ་ཨིན་པས།

ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་བཀོད་མིའི་ནང་ དོགས་ཅན་ཕོ་སྐྱེས་དེ་གིས་ ཧེ་མ་ལས་ ཨར་རྐུན་དང་འབྲེལ་བའི་ གནད་དོན་ཁག་ལེ་ཤ་ནང་ གྲལ་གཏོགས་འབད་ཡོད་པའི་ སྙན་ཞུ་ཐོ་བཀོད་འབད་ཡོད་མི་དེ་ སྤྱི་ཟླ་༤ པའི་ སྤྱི་ཚེས་༢༦ ལུ་ ཁྲིམས་སྲུང་འགག་པ་གིས་ བསྐྱར་ཞིབ་འབད་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཕུལ་ཡོདཔ་སྦེ་བཤད་ཅི།

ད་རུང་ ཞིབ་དཔྱད་འབད་ཞིན་ན་ གནད་དོན་ཁག་༣༡ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཕུལ་བའི་ཤུལ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ གནད་དོན་༣༡ གུ་ བསྐྱར་ཞིབ་འབད་མི་དེ་ ཁྲིམས་ཀྱི་འདུན་སར་ ཁྲིམས་དཔྱད་ཀྱི་དོན་ལུ་ བཏང་ཡོདཔ་ཨིན་པས།

ཨིན་རུང་ དོགས་ཅན་དེ་གིས་ དོ་དམ་འོག་ལུ་ སྡོད་པའི་རིང་ལུ་ བྱོག་འགྱོ་མི་འདི་ ཁྲིམས་ལུགས་ལས་འགལ་བའི་ བྱ་ངན་འབད་ཡོདཔ་སྦེ་ ཤེས་རྟོགས་བྱུང་སྟེ་ཡོདཔ་ཨིན་པས།

འདི་འབདཝ་ལས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་བཤད་མི་དང་འཁྲིལ་བ་ཅིན་ དོགས་ཅན་དེ་གིས་ ཨར་རྐུན་འབད་ཡོད་པའི་ གནད་དོན་ཁག་༣༡ གི་ ཉེས་པ་ཕོག་ཡོད་མི་ བཙོན་ཁྲིམས་སྨིན་དགོ་ནི་ཨིན་པའི་ཁར་ ཁྲིམས་ལུགས་ལས་འགལ་ བྱོག་འགྱོ་ཡོད་མི་ལུ་ ཁྲིམས་ལས་འགལ་བའི་ཉེས་བྱ་ བཙོན་ཁྲིམས་ཁ་སྐོང་ སྨིན་དགོཔ་འདུག་ཟེར་ཨིན་མས།

རྫོང་ཁག་ཁྲིམས་ཀྱི་འདུན་སར་ལུ་ དོགས་ཅན་དེ་གིས་ བྱ་ངན་འབད་ཡོད་པའི་ ཉེས་འཛུགས་༣༡ གུ་ ཁ་སྐོང་༡ བཀལ་ཏེ་ བསྡོམས་ཀྱི་༣༢ ཕུལ་ཡོད་རུང་ ཁྲིམས་ཀྱི་འདུན་སར་ལས་ དོགས་ཅན་དེ་ལུ་ ཉེས་ཁྲིམས་ ག་དེམ་ཅིག་ བཀལ་འོང་ག་ སླབ་མི་ཤེས་ནི་ཨིནམ་ལས་ དོགས་ཅན་ཕོ་སྐྱེས་འདི་ ད་ལྟོ་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ འཁྲུན་ཆོད་ཀྱི་དོན་ལུ་ བཞག་ཡོདཔ་སྦེ་ ཁྲིམས་སྲུང་འགག་པའི་ འགན་འཛིན་འགོ་དཔོན་གྱིས་བཤདཔ་ཨིན་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *