ཁས་བླངས་འབད་མི་དང་འཁྲིལ་ ལཱ་གི་གྲུབ་འབྲས་བཏོན་མ་ཚུགས་པར་ཡོདཔ།

གཞུང་གིས་ ན་གཞོན་ལཱ་གཡོག་གི་དཀའ་ངལ་སེལ་ནི་དང་ ལྷོ་ཕྱོགས་ཤར་ནུབ་ཀྱི་འཁོར་ལམ་བཏོན་ནི་ ཁྲོམ་སྡེ་གཞི་བཙུགས་འབད་ནི་ ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ཆ་མེད་གཏང་ནི་ དེ་ལས་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་༤ འགོ་ཕྱེ་ནི་ འདི་བཟུམ་སྦེ་ མི་སེར་དང་ཕྱད་ནི་ཟེར་བའི་ལས་རིམ་དེ་ཡང་ འཕྲོ་མཐུད་འབད་མ་ཚུགས་པར་ ལུས་ཡོདཔ་སྦེ་ཨིན་པས།

ཆོས་ཉིད་བཟང་མོ།

ལྡོག་ཕྱོགས་ཚོགས་པ་གིས་བཀོད་མིའི་ནང་ གཞུང་སྐྱོང་ལེགས་ལྡན་ལུ་དམིགས་པ་བསྐྱེད་དེ་ རྒྱལ་ཁབ་ལུ་ ཕྱག་ལེགས་ཤོམ་ཞུ་ནིའི་ མནོ་བསམ་བཏང་བཞིན་དུ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་འབྲེལ་བའི་ གནད་དོན་དག་པ་ཅིག་ནང་ གཞུང་ལུ་ རྒྱབ་སྐྱོར་འབད་ཡོདཔ་སྦེ་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་མཇུག་ འགོ་འདྲེན་འཐབ་པའི་སྐབས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ བཤདཔ་ཨིན་པས།

ད་རུང་ ལོ་བསྟར་འཆར་དངུལ་གྱི་ཐད་ཁར་འབད་རུང་ གཞུང་གིས་ ཕྱག་ལཱ་ག་གནང་མི་དེ་ལུ་ བཀག་ཆ་མ་འབད་བར་ ལཱ་ཚུ་འཕྲོ་མཐུད་ འབད་བཅུག་སྟེ་ཡོདཔ་ད་ གནད་དོན་དེ་ལུ་ བཀག་ཆ་འབད་བ་ཅིན་ གནད་དོན་འདི་ལས་བརྟེན་ མི་སེར་ཚུ་ལུ་ གནོད་པ་འབྱུང་ནི་ཨིན་མི་ལུ་བལྟ་ཞིན་ན་ གཞུང་ལུ་ ལཱ་འབད་ནི་ནང་ བཀག་ཆ་མ་འབད་ཟེར་ཨིན་པས།

ལྡོག་ཕྱོགས་ཚོགས་པའི་ཧོངས་ལས་ གཞུང་གི་འབད་མི་ལཱ་དེ་ལུ་ ལེགས་བཅོས་དང་ རྒྱབ་སྐྱོར་མ་གཏོགས་ བཀག་ཆ་དང་ སྐྱོན་ག་ནི་ཡང་ མ་བཏགས་ཟེར་ཨིན་པས།

ཨིན་རུང་ ད་རེས་གཞུང་གིས་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་མི་དེ་ དམིགས་པ་ལེགས་ཤོམ་ཡོད་རུང་ མི་མང་ལུ་ ཁག་ཆེཝ་སྦེ་ ཤེས་རྟོགས་འབྱུང་སྟེ་ གཞི་བཙུགས་འབད་མི་དེ་གིས་ ཞབས་ཏོག་འདི་ འདྲ་མཉམ་སྦེ་ མ་འཐོབ་པར་ལུས་ཡོདཔ་སྦེ་ མཐོང་ཡོད་པའི་གུ་ ཧེ་མ་ཡོད་མི་ མི་སྡེ་སློབ་གྲྭ་ཚུ་ཡང་ བཀག་ཆ་འབད་མི་དེ་གིས་ མི་སེར་ཉམ་ཆུང་གི་ ཨ་ལུ་ཆ་ཁྱབ་ སློབ་གྲྭ་ཐག་རིང་ས་ཁར་ འབད་བའི་བསྒང་ལས་ དཀའ་ངལ་བྱིན་ཏེ་ སློབ་གྲྭ་ནང་ མ་འགྱོ་བར་ལུས་དོ་ཡོད་པའི་ གདོང་ལེན་ཚུ་ཡང་འཐོན་བཞིན་དུ་འདུག་ཟེར་ཨིན་པས།

དེ་གིས་སྦེ་ ཤེས་ཡོན་སྦྱང་མ་ཚུགས་པར་ ལུས་ཡོད་པའི་གནད་དོན་ལུ་བརྟེན་འབྱུང་མས་ཟེར་ གཞུང་ལུ་ ཧེ་མ་ཡོད་མི་ མི་སྡེ་སློབ་གྲྭ་ཚུ་ བཀག་ཆ་མ་འབད་བར་བཞག་གནང་ཟེར་ཞུ་ཡོད་རུང་ གཞུང་གི་ཁ་ཐུག་ལས་ མི་སྡེ་སློབ་གྲྭ་ལ་ལུ་ཅིག་ སྒོ་བསྡམ་བཞག་ཡི་ཟེར་ ཨིན་པས།

འདི་བཟུམ་སྦེ་ ལྡོག་ཕྱོགས་ཁ་ཐུག་ལས་ གཞུང་གིས་འབད་མི་ ལཱ་དག་པ་ཅིག་ནང་ བཀག་རྐྱབ་མི་དེ་ཡང་ ཐིམ་ཕུག་འཇིགས་མེད་ རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ ལས་འཛིན་སྦེ་བཟོ་ནི་ཨིན་པའི་ གནད་དོན་དེ་ལུ་ འབྲུག་མི་ཚུ་གིས་ སྨན་བཅོས་ཀྱི་དོན་ལུ་ དངུལ་སྤྲོད་འབདཝ་ད་ མི་སེར་ཉམ་ཆུང་ལུ་ དཀའ་ངལ་འབྱུང་ནི་ཨིན་མི་ལུ་བརྟེན་ བཀག་རྐྱབ་སྟེ་ ད་རེས་ལེགས་ཤོམ་སོང་ཡི་ཟེར་ཨིན་པས།

ད་རུང་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་དང་འབྲེལ་བའི་ གནད་དོན་དག་པ་ཅིག་ བཀག་རྐྱབ་མི་དེ་ ལྡོག་ཕྱོགས་ཀྱིས་འགན་ཁུར་འདི་ གཙོ་བོ་ར་ གཞུང་གིས་བཀོད་ཡོད་མི་ འཆར་གཞི་དང་འཁྲིལ་ ཕྱག་ལཱ་མཛད་དོ་ཡོད་མེད་ དྲན་གསོ་འབད་ནི་དེ་ཨིནམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་པདྨ་རྒྱ་མཚོ་གིས་བཤད་ཅི།

གཞུང་གི་ཁ་ཐུག་ལས་ ཧེ་མ་ཁས་བླངས་འབད་མི་དང་འཁྲིལ་ ལཱ་ཚུ་འབད་མ་ཚུགས་པར་ལུས་ཏེ་ཡོདཔ་ལས་ དེ་ཡང་ ན་གཞོན་ལཱ་གཡོག་གི་དཀའ་ངལ་སེལ་ནི་དང་ ལྷོ་ཕྱོགས་ཀྱི་ ཤར་ནུབ་ཀྱི་འཁོར་ལམ་བཏོན་ནི་ ཁྲོམ་སྡེ་གཞི་བཙུགས་འབད་ནི་ ཞི་གཡོག་ལྷོན་ཚོགས་ཀྱི་ སྔོན་འགྲོའི་ཆོས་རྒྱུགས་ཆ་མེད་གཏང་ནི་ དེ་ལས་ རྒྱལ་ཁབ་ནང་ མཐོ་རིམ་སློབ་གྲྭ་༤ འགོ་ཕྱེ་ནི་ཚུ་ འབད་མ་ཚུགས་པར་ ལུས་ཡོདཔ་བཞིན་དུ་ མི་སེར་དང་ཕྱད་ནི་ཟེར་བའི་ ལས་རིམ་དེ་ཡང་ འཕྲོ་མཐུད་མ་འབད་བར་བཞག་ཡོདཔ་ལས གྲུབ་འབྲས་ལེགས་ཤོམ་བཏོན་མ་ཚུགས་ཟེར་ པཱན་སྦང་འདེམས་ཁུངས་ཀྱི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་བཤད་ཡོདཔ་ཨིན་པས།

འདི་བཟུམ་སྦེ་ ཞི་གཡོགཔ་ཚུ་གི་ དངུལ་ཕོག་ཡར་སེང་འབད་ནི་ཐད་ཁར་ཡང་ ཡངས་ཆག་འཐོབ་ཐངས་འདི་ དངུལ་དང་གཅིག་ཁར་ བསྡབ་ཞིན་ན་ དངུལ་ཕོག་ཡར་སེང་འབད་ཡོདཔ་ཨིན་རུང་ ཞི་གཡོགཔ་ཚུ་ལུ་ བརྒྱ་ཆ་ལས་༢༠ ཁྱིམ་གྱི་ཁང་གླ་འཐོབ་ཐངས་ བྱིན་ཡོད་མི་དེ་གིས་ ཕན་པ་བྱུང་སྟེ་ཡོདཔ་སྦེ་ཨིན་པས།

འདི་འབདཝ་ལས་ གཞུང་གི་ཁ་ཐུག་ལས་ འཆར་གཞི་བརྩམ་ཡོད་མི་དང་འཁྲིལ་མ་འབད་བའི་ཁར་ དྲང་བདེན་འབད་མ་བཏུབ་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཉེས་ལས་ཡར་སེང་འགྱོ་ཡོདཔ་སྦེ་ ཤེས་རྟོགས་འབྱུང་ཡོདཔ་ཨིན་པས།

དེ་ཡང་ བཟོ་སྐྲུན་ཁང་དང་ སློབ་གྲྭ་ དེ་ལས་ མི་མང་ས་ཁོངས་ འདི་བཟུམ་སྦེ་ ལས་འཛིན་ཁག་ཚུ་ནང་ལས་ཕར་ ཉེས་ལས་འབད་མི་ཐོན་སྟེ་ཡོདཔ་སྦེ་ བཀོདཔ་ཨིན་པས།

གཞུང་གི་ཧོངས་ལས་ ཁག་ཆེ་ཤོས་ར་ ལཱ་གཡོག་གི་དཀའ་ངལ་སེལ་ནི་དེ་ཨིན་རུང་ དཀའ་ངལ་སེལ་མ་ཚུགས་པར་ ལུས་ཡོད་མི་དེ་གིས་ ན་གཞོན་དང་འབྲེལ་བའི་ གདོང་ལེན་འབད་དགོཔ་འཐོན་དོ་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

 

Leave a Reply

Your email address will not be published. Required fields are marked *