ཁས་བླངས་ཀྱི་ཐོག་ལས་ལཱ་འབད་མི་ འབྲུག་ཐུན་མོང་དང་དགའ་མཐུན་ན་གཞོན།

བསོད་ནམས་ལྷུན་གྲུབ།

མི་གཞན་གྱི་སྐུལ་མ་འབད་མ་དགོ་པར་ སེམས་ཀྱི་གདིང་ལས་ར་ སྙིང་རུས་བསྐྱེད་དེ་ མི་སྡེའི་ནང་ ཕན་ཐོགས་ཡོད་པའི་ ཁས་བླངས་ཀྱི་ལཱ་ འབད་མི་ ལྷག་བསམ་དག་པའི་ མི་ངོམ་༥༢ གིས་ འབྲུག་ཐུན་མོང་དང་དགའ་མཐུན་ན་གཞོན་ཟེར་བའི་ སྡེ་ཚན་ཅིག་བཟོ་སྟེ་ཡོད་མི་དེ་གིས་ ཐིམ་ཕུག་ནང་འཁོད་ལུ་ ལས་རིམ་ག་ཅི་ར་ཡོད་རུང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

སྡེ་ཚན་འདི་ སྤྱི་ལོ་༢༠༡༤ ལུ་ ཨམ་རིཊི་བཱ་དུར་ ལིམ་བུ་གིས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༦ སྤྱི་ཟླ་༡༡ པའི་ནང་ གཞུང་འབྲེལ་ཐོག་ལས་ འགོ་འབྱེད་འབད་དེ་ ད་རེས་ ཌི་པེན་རཱཇ་གཱ་ལེ་གིས་ མི་སྡེའི་ནང་ ཁས་བླངས་ཀྱི་ལཱ་གཡོག་ལུ་བརྟེན་ཏེ་ ན་གཞོན་གྱི་ དགའ་བ་དང་བརྩེ་བའི་ གནས་སྟངས་ཡར་དྲག་གཏང་ནི་ལུ་ རྩ་འགེངས་ཏེ་ཡོདཔ་ཨིན་པས།

སྡེ་ཚན་དེ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ གཞུང་མིན་ལས་ཚོགས་དང་ གཞན་ མི་སྡེ་ལས་ཚོགས་ཚུ་ནང་ མཐུན་འབྲེལ་ཐོག་ལས་ མི་མང་གི་བདེ་བ་ལུ་ གཙོ་བོར་བཏོན་ཏེ་ དགེ་བ་ཆུང་ཀུའི་ལཱ་ མ་ཎི་གྱངས་མི་དང་ བསྐོར་ར་རྐྱབ་མི་ལུ་ གསོལ་ཇ་དང་ ཐུགཔ་འདྲངས་ནི་ལས་རིམ་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

ན་གཞོན་ཚུ་གིས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་གི་ རྐང་ལག་སྤར་མ་ཚུགསཔ་འགྱོ་མི་ ནདཔ་ཚུ་ལུ་ ཆ་རོགས་འབད་ཡོད་པའི་གུ་ འཕྲལ་མགྱོགས་ར་ གནམ་བྱཱར་གྱི་ ཕུཊ་བཱོལ་རྐང་རྩད་འགྲན་བསྡུར་ འགོ་འདྲེན་འཐབ་ནི་ཨིནམ་མ་ཚད་ སློབ༌གྲྭ༌ཚུ༌ནང༌ སྨྱོ༌རྫས༌བཀག༌དམ་གྱི༌ སྐུལ༌ཁྱབ༌ལས༌རིམ༌ཚུ༌ཡང༌ འགོ༌འདྲེན༌འཐབ༌ནི༌ཨིན༌པས།

དེ༌ལས༌ སྨན༌ཁང༌ནང༌ ནད༌གཡོག༌རྐྱབ༌ནི༌དང༌ ནདཔ༌རྒན༌ཤོས༌ཚུ༌ལུ༌ ནད༌གཡོགཔ༌ཞབས༌ཏོག༌གི་གྲོགས༌རམ༌འབད༌ནི༌ རྒྱལ༌སྤྱིའི༌ཚོང༌ལས༌བར༌མའི༌ ལས༌འགུལ༌གྱི་འཆར༌གཞི༌བཟོ༌ནི༌ཚུ༌ནང༌ བཅའ༌མར༌གཏོགས༌ཏེ་ ངོས༌ལེན༌གྱི༌ལག༌ཁྱེར༌ཡང་ ཐོབ༌སྟེ༌ཡོདཔ༌ཨིན༌པས།

ཁས༌བླངས༌པ༌ཚུ༌གིས༌ འབྲུག་མཁལ༌རྡོག༌གཞི༌ཚོགས༌དང༌ མཉམ༌འབྲེལ༌གྱི༌ལཱ༌འབད༌དེ༌ མི༌ཁུངས༌རྒན༌ཤོས༌ཐེངས༌༢ པའི༌ སྐབས༌ལུ༌ ཁས༌བླངས༌ཀྱི༌ལཱ༌འབད༌ཡོདཔ༌མ༌ཚད༌ ལྕང་གྱི་དར་ཕུག་ལུ་ཡོད་པའི་ ཕྱགས་སྙིགས་འཛིན་སྐྱོང་པ་ཚུ་དང་ གྲལ་གཏོགས་འབད་དེ་ ཕྱགས༌དར༌གྱི༌སྐུལ༌བསྒྲགས༌ལས༌རིམ༌ འགོ༌འདྲེན༌འཐབ༌ནུག

ད་རེས་ནངས་པ་ ལས་རིམ་ཚུ་ནང་ ཁས་བླངས་ཀྱི་ལཱ་འབད་དགོཔ་རེ་ཐོནམ་ད་ མི་སྡེའི་བརྡ་བརྒྱུད་ལུ་བརྟེན་ཏེ་ སྡེ་ཚན་གྱི་འཐུས་མི་ཚུ་དང་ འབྲེལ་བ་འཐབ་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་ཡོད་པའི་གུ་ ཁས་བླངས་ཀྱི་ལཱ་ཚུ་ ལས་རིམ་འགོ་འདྲེན་པ་ཚུ་གིས་ བརྡ་སྤྲོད་འབད་དོ་ཡོད་རུང་ མང་ཤོས་ཅིག་ར་ ཁོང་ར་གིས་ ཁས་བླངས་ཐོག་ལས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།

ཁས་བླངས་ཀྱི་ཞབས་ཏོག་སྤྲོད་ནི་དེ་ མི་སྡེའི་གནས་སྟངས་དང་འབྲེལ་བའི་ རིག་རྩལ་དང་ ལྕོགས་གྲུབ་ཡར་དྲག་གཏང་ནི་གི་གོ་སྐབས་བཟང་པོ་དང་ མི་སྡེ་ལུ་ཞབས་ཏོག་ཞུ་མི་དེ་གིས་ མི་མང་དང་འབྲེལ་བ་ ལེགས་ཤོམ་བཟོ་ཚུགས་ཏེ་ བསམ་པ་རྫོགས་ནི་གི་གཞི་རྩ་ཨིནམ་སྦེ་ ཧ་གོ་ཡོདཔ་ཨིན་པས།

འབྲུག་ཐུན་མོང་དང་དགའ་མཐུན་ན་གཞོན་སྡེ་ཚན་དེ་ལུ་ གཞན་དང་མ་འདྲ་བའི་ ནང་དོན་གྱི་ཁྱད་ཆོས་བཟང་པོའི་ བསམ་པ་དང་ སེམས་བསྐྱེད་ དེ་ལས་ བྱང་སེམས་ཀྱི་སྒོ་ལས་ རང་མོས་རྣམ་དག་གི་ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེདཔ་མ་གཏོགས་ ངོས་འཛིན་དང་ ལག་ཁྱེར་ཐོབ་ནི་གི་དོན་ལུ་ ལཱ་འབད་ནི་དེ་ སྡེ་ཚན་གྱི་དམིགས་གཏད་ལས་ འགལ་བ་ཨིན་པས།

སྡེ་ཚན་དེ་ནང་ ན་གཞོན་སློབ་ཕྲུག་དང་ སློབ་གྲྭ་ཚང་མི་ན་གཞོན་ ཕོ་མོ་དང་ ལོ་ཚད་ཀྱི་དབྱེ་བ་མེན་པར་ གོ་སྐབས་འདྲ་མཉམ་ཡོདཔ་ད་ འཐུས་མི་འཛུལ་བཞུགས་ཀྱི་ཞུ་ཡིག་དང་ རང་སོའི་ངོ་པར་དང་སྦྲགས་ཏེ་ ངོ་སྤྲོད་ཁ་གསལ་ཚུ་ ཚང་དགོཔ་ཨིན་པས།

སྡེ་ཚན་དེ་གིས་ རྒྱབ་སྐྱོར་པ་ སྤུན་གསུམ་མིག་ཤེལ་ཚོང་ཁང་གི་སྦྱིན་བདག་ ལྡན་རྒྱས་ཀྱིས་སླབ་མིའི་ནང་ ན་གཞོན་ཚུ་གིས་ ཁས་བླངས་ཀྱི་ལཱ་འབད་མི་དེ་ལུ་ ཡིད་ཆེས་དང་ ངལ་རངས་བསྐྱེད་དེ་ རྒྱབ་སྐྱོར་འབད་བ་ཅིན་ ཁོང་ལུ་ མི་སྡེའི་ནང་ དཔེ་སྟོན་བཟང་པོའི་ ལཱ་འབད་ནི་ལུ་ སེམས་ཤུགས་བྱིན་ཐབས་ཅིག་ཨིན་ཟེར་ བཤད་ཅི།

ཁོ་གིས་འབད་བ་ཅིན་ ན་གཞོན་ཚུ་གིས་འབད་མི་ལཱ་དེ་ལུ་ གཞུང་གི་ཁ་ཐུག་ལས་འབད་རུང་ ངོས་ལེན་ཅན་གྱི་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིནམ་ད་ མང་ཤོས་ར་ མ་དངུལ་གྱི་གདོང་ལེན་འཐོན་དོ་ཡོདཔ་ལས་ ན་གཞོན་ལུ་ཡོད་པའི་ ལྕོགས་གྲུབ་དང་ ཁོང་རའི་ སྤྲོ་བ་དང་བསྟུན་པའི་ ལཱ་གཡོག་འབད་ནི་གི་གོ་སྐབས་མེད་པར་ ལུསཔ་མས་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཕོ་མོའི་དབྱེ་བ་ཕྱེ་ནི་མེན་པར་ མི་སྡེའི་ཁས་བླངས་ཀྱི་ལཱ་འབད་ནི་ལུ་ སེམས་ཤུགས་དང་ དགའ་བ་འབྱུང་དོ་ཡོད་མེད་ གཞུང་མིན་ལས་ཚོགས་ཅིག་ནང་ལཱ་འབད་མི་ བཅོ་ལྔ་ལྷ་མོ་གིས་སླབ་མིའི་ནང་ གཞུང་ལུ་ ཕྱག་སྦོམ་སྦེ་ཞུ་མ་ཚུགས་རུང་ ཁས་བླངས་ཀྱི་ལཱ་ཚུ་ ཆུང་ཀུ་རེ་འབད་ནི་ལུ་ སྤྲོ་བ་ལེན་དོ་ཡོད་པའི་གནས་ཚུལ།

 

 

 

 

Leave a Reply

Your email address will not be published. Required fields are marked *