ཀྲོང་གསར་རིག་གཞུང་མཐོ་རིམ་སློབ་གྲྭའི་རྩེད་ཐང་ནང་སྦེ་ གནམ་བྱཱར་གྱི་རྐང་རྩེད་འགྲན་བསྡུར།

འཇིགས་མེད་བསྟན་འཛིན།

རྐང་རྩེད་ལུ་སྤྲོ་བ་བསྐྱེད་མི་ ལེ་ཤ་ཡོད་པའི་ནང་ལས་ དར་དཀར་ན་རྫོང་ཁག་ བཀར་ན་རྒེད་འོག་ ལྷ་གླིང་ལས་ སྐྱེས་ལོ་༢༤ ལང་མི་ ཨཱེ་རྟ་སིང་ སུ་བ་ཡང་ རྒྱལ་སྤྱིའི་ནང་ རྐང་རྩེདཔ་ཡོངས་གྲགས་ཐོན་མི་ མཱི་སི་གིས་ རྐང་རྩེད་ རྩེད་ཐངས་ལུ་བལྟ་ཞིན་ན་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།

ཁོ་གིས་ ལོ་ན་ཆུང་ཀུ་བསྒང་ལས་ར་ རྐང་རྩེད་ལུ་སྤྲོ་བ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༦ ལུ་ འཛམ་གླིང་རྐང་རྩེད་ཀཱལཔ་གི་རྩེད་འགྲན་སྐབས་ མཱི་སི་གིས་ རྩེད་འགྲན༌འབད༌ཐངས་ཀྱི་ཡོན་ཏན་ཚུར་ལེན་ཏེ་ རྩེད་འགྲན་ནང་བཅའ་མར་གཏོགས་ནུག

ད་རེས་ཁོ་གིས་ ཀྲོང་གསར་རིག་གཞུང་མཐོ་རིམ་སློབ་གྲྭའི་རྩེད་ཐང་ནང་ འགོ་འདྲེན་འཐབ་པའི་བསྒང་ཡོད་པའི་ གནམ་བྱཱར་གྱི་རྐང་རྩེད་ཐེངས་༧ པའི་ མཐའ་དཔྱད་རྩེད་འགྲན་གྱི་དོན་ལུ་ བོས་ཊ་ཨེཕ་སི་སྡེ་ཚན་ནང་ གདོང་ཕྱོགས་རྩེད་འགྲན་པ་སྦེ་ རྩེད་འགྲན་འབདཝ༌ཨིན༌པས།

སྡེ་ཚན་འདི་གི་ ཚར་༢ རྩེད་འགྲན་འབདཝ་ད་ གཱོལ་༧ བཙུགས་ཏེ་ སྐུགས་༣ ཐོབ་ཡོདཔ་དང་ གཞན་མི་སྡེ་ཚན་༦ གིས་ རྩེད་འགྲན་སྐོར་ཐེངས་ནང་ སྐུགས་༦ ཐོབ་མི་འདི་ མཐོ་ཤོས་ཅིག་ཨིན་པས།

ཁོ་གིས་ རྩེད་འགྲན་འདི་གི་དོན་ལུ་ བདུན་ཕྲག་ཅིག་གི་ཧེ་མ་ལས་ ཆུ་ཚོད་༡ དེ་ཅིག་ སྦྱང་བ་ཚུ་ བརྩོན་ཤུགས་བསྐྱེད་དེ་འབད་དོ་ཡོདཔ་ད་ སྡེ་ཚན་གྱི་ཁ་ཐུག་ལས་འབད་རུང་ སྦྱང་བ་ཚུ་འབད་བའི་བསྒང་ར༌འདུག

ཁོ་གིས་སླབ་མིའི་ནང་ སྡེ་ཚན་གྱི་རྩེད་འགྲན་པ་གཞན་ཚུ་ཡང་ ཧེ་མ་ལས་ རྩེད་འགྲན་ཅིག་ཁར་འབད་མི་ཚུ་ཨིན་པའི་གུ་ མཉམ་སྦྱོར་ཐོག་ལས་ རྩེད་འགྲན་འབད་ཐབས་ལུ་ ཁེ༌ཕན༌འདུག༌ཟེར་ ཨིན་པས།

རིག༌གཞུང༌མཐོ༌རིམ༌སློབ༌གྲྭ༌ནང༌ གནམ་བྱཱར་གྱི་ རྐང་རྩེད་ཀྱི་རྩེད་འགྲན་འདི་ ལོ་བསྟར་གྱི་ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་ཨིནམ་ད་ རྩེད་འགྲན་གྱི་དོན་ལུ་ སྤྱི་ལོ་༢༠༡༦ ལུ་ སྡེ་ཚན་༢༨ དང་ སྤྱི་ལོ་༢༠༡༧ ལུ་ སྡེ་ཚན་༢༤ གིས་ ཐོ་བཀོད་འབད་ཡོད་རུང་ ད་རེས་བསྡོམས་ཀྱི་སྡེ་ཚན་༢༠ དེ་ཅིག་གིས་ ཐོ་བཀོད་འབད་ནུག

དེ་ལུ་ རིག་གཞུང་མཐོ་རིམ་སློབ་གྲྭའི་ རྐང་རྩེད་སྡེ་ཚན་གྱི་ སློབ་སྟོན་པ་དང་འགོ་འདྲེན་པ་ རྡོ་རྗེ་དབང་གྲགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་རྩེད་ལས་རིམ་འདི་ མཐོ་རིམ་སློབ་གྲྭའི་ཉིན་དེབ་ནང་ ལོ་བསྟར་གྱི་ལས་རིམ་སྦེ་ ཚུད་དེ་ཡོད་རུང་ དུས་ཅི་ བཙག་འཐུ་དང་ཁ་ཐུག་རྐྱབ་སྟེ་ རྩེད་འགྲན་འབད་ནི་མེདཔ་སྦེ་ བཟོ་ཡོད་རུང་ བཙག་འཐུ་ལྷན་ཚོགས་ལས་ བཙག་འཐུ་མཇུག་བསྡུ་བའི་ཤུལ་མར་ འགོ་འདྲེན་འཐབ་ཆོག་པའི་ གནང་བ་ཡོད་ལས་བརྟེན་ རྩེད་འགྲན་གྱི་མགྲོན་བརྡ་ ལོགས་སུ་སྦེ་ འབད་མ་ཚུགས་མི་ལུ་བརྟེན་ཏེ་ཨིན་ཟེར་ བཤད་ཅི།

དུས་ཅི་འབད་བ་ཅིན་ རྩེད་འགྲན་དང་འབྲེལ་བའི་ སྒྲིག་གཞི་ཚུ་བཟོ་ཡོད་མི་དང་འཁྲིལ་ རྩེད་འགྲན་གྱི་སྐབས་ལུ་འབད་རུང་ ན་ཧིང་བཟུམ་སྦེ་ བྱ་སྟབས་མ་བདེཝ་མ་བྱུང་ཟེར་ཨིནམ་ད་ འདས་པའི་ལོ་དང་ཕྱདཔ་ད་ གསོལ་རས་དྲགཔ་སྦེ་བྱིན་ཐབས་ལུ་ གྲོགས་རམ་ཚུ་ འཚོལ་བའི་བསྒང་ཨིན་ཟེར་ཨིན་པས།

རྩེད་འགྲན་གྱི་དོན་ལུ་ མཐོ་རིམ་སློབ་གྲྭ་ནང་འཁོད་ཀྱི་སྡེ་ཚན་ཚུ་ལས་ འཐུས་༤,༠༠༠ དང་ སློབ་གྲྭའི་ཕྱི་ཁ་ལས་འོང་མི་ སྡེ་ཚན་ཚུ་ལས་འབད་བ་ཅིན་ འཐུས་༦,༠༠༠ ལེན་ཏེ་ ཡོངས་བསྡོམས་ཀྱི་འཐུས་ འབུམ་༡ དེ་ཅིག་བསྡུ་ལེན་འབད་ཡོདཔ་ཨིན་པས།

རྩེད་འགྲན་ནང་ ཨང་དང་པ་ འཐོན་མི་སྡེ་ཚན་ལུ་ གསོལ་རས་སྟོང་ཕྲག་༣༥,༠༠༠ དང་ ཨང་གཉིས་པ་ལུ་༢༥,༠༠༠ བྱིན་ནི་ཨིནམ་ད་ ལེགས་ཤོམ་སྦེ་ རྩེད་འགྲན་འབད་མི་དང་ གཱོལ་མཐོ་ཤོས་བཙུགས་མི་ དེ་ལས་ རྩེ་འགྲན་པ་དྲག་ཤོས་ལུ་ ལག་ཁྱེར་དང་གསོལ་རས་ཚུ་ཡང་ བྱིན་ནི་ཨིན་པས།

ད་རེས་ སྡེ་ཚན་༢༠ གི་རྩེད་འགྲན་འདི་ རྩེད་འགྲན་གྱི་སྐོང་ཐེངས་མཇུག་བསྡུ་སྟེ་ སྡེ་ཚན་༡༦ རྐྱངམ་གཅིག་ལུས་ཡོད་མི་ཚུ་ འདི་འཕྲོ་ལས་སྡེ་ཚན་རེ་རེ་བཞིན་དུ་ རིམ་གྱི་ཕམ་གཏང་ནི་གི་སྐོར་ཐེངས་ནང་ རྩེད་འགྲན་འབད་ནི་ཨིན་པས།

རྩེད་འགྲན་འདི་ཡང་ སྤྱི་ཟླ་༤ པའི་ སྤྱི་ཚེས་༢༢ ལུ་ ཀྲོང་གསར་ལུང་ཕྱོགས་ནང་ ངོ་ཤེས་འདྲིས་བཤེས་དང་ རྐང་རྩེད་ཀྱི་གནས་ཚད་ཡར་དྲག་གཏང་ནི་ དེ་ལས་ ལུས་སྟོབས་སྒྲིང་སྒྲི་ བཟོ་ཐབས་ལུ་དམིགས་ཏེ་ འགོ་བཙུགས་ཡོདཔ་ཨིན་པས།

ཨཱེ་རྟ་སིང་ སུ་བ་གིས་ ཁོ་རའི་སྡེ་ཚན་གྱི་དོན་ལུ་ གཱོལ་༢ བཙུགས་ཡོདཔ་ད་ གཱོལ་བཙུགས་ནིའི་དོན་ལུ་ ཚར་༢ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ སྡེ་ཚན་གྱི་རྩེད་འགྲན་གྱི་དོན་ལུ་ སྦྱང་བ་ཚུ་འབད་བའི་བསྒང་ར་ཡོད་པའི་གནས་ཚུལ།

 

Leave a Reply

Your email address will not be published. Required fields are marked *