ཀེན་སར་ནད་གཞིའི་སྨན་བཅོས་ དུས་ཚོད་ཁར་འབད་བ་ཅིན་ མི་ཚེ་ཡུན་རིང་སྐྱོང་ནི་ལུ་ཁེ་ཕན།

ཆོས་ཉིད་བཟང་མོ།

འབྲུག་ཀེན་སར་གཞི་ཚོགས་ཀྱིས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་མིའི་ནང་ གལ་སྲིད་ ཀེན་སར་ནད་གཞི་ཡོདཔ་སྦེ་ ངོས་འཛིན་པ་ཅིན་ འདི་འཕྲོ་ལས་ སྨན་བཅོས་འབད་དགོཔ་ཁག་ཆེ་བའི་ཁར་ ནད་གཞི་དྲག་ཐབས་ཀྱི་སྨན་བཅོས་འབད་བ་ཅིན་ བཅོས་ཐབས་ཡོད་པའི་གུ་ མི་ཚེ་སྲོག་སྐྱོབས་འབད་ཚུགས་ནི་དང་ མི་ཚེ་སྐྱོང་ཚུགས་ནི་ལུ་ ཕན་པ་སྦོམ་ཡོདཔ་ཨིན་པས།

ཀེན་སར་ནད་གཞི་ཐོབ་སྟེ་ དྲག་ཡོད་མི་ སྐྱེས་ལོ་༦༩ ལང་མི་ ཀྲོང་གསར་ལས་ཨིན་མི་ ལེགས་སྐྱིད་མོ་གིས་སླབ་མིའི་ནང་ སྤྱི་ལོ་༢༠༠༤ གི་ལོའི་ནང་ མོ་ལུ་ ཕོཝ་གི་ཀེན་སར་ཐོབ་སྟེ་ མོ་གི་མནོ་བསམ་ལུ་ ད་འབདན་ ནད་གཞི་འདི་ལས་ དྲག་མི་ཚུགས་ནི་མས་ཟེར་ བློ་ཕམ་བྱུང་སྟེ་སྡོད་ནུག

ཨིན་རུང་ མོ་གིས་ ནད་གཞི་ཐོབ་པའི་ཤུལ་ལུ་ སྨན་ཁང་ནང་ མ་འགྱོ་བར་མ་སྡོད་པར་ བརྟག་དཔྱད་ཀྱི་དོན་ལུ་ དུས་ནམ་ཤོག་སླབ་རུང་ དུས་ཚོད་ཁར་སོང་སྟེ་ ཟླ་ངོ་༦ གི་རིང་ལུ་ སྨན་བཅོས་དང་ ག་ཏེ་འགྱོ་རུང་ སྨན་དུས་ཚོད་ཁར་ཟ་སྟེ་ བཞེས་སྒོ་ཚུ་ཡང་ ཁ་བསྲུང་འབད་དེ་ ད་ལྟོའི་བར་ན་ཡང་ ཁ་བསྲུང་འབད་དེ་ཡོད་མི་ལུ་བརྟེན་ ལེགས་ཤོམ་སྦེ་ དྲག་ཚུགས་ཏེ་ཡོད་ཟེར་ཨིན་པས།

ཀེན་སར་ནད་གཞི་ལས་བརྟེན་ མི་ངོམ་ལ་ལུ་ ཤི་རྐྱེན་འབྱུང་མི་དེ་ གཙོ་བོ་ སྨན་བཅོས་དུས་ཚོད་ཁར་ མ་འབད་བར་སྡོད་མི་དང་ བཞེས་སྒོ་ཚུ་ ཁ་བསྲུང་མ་འབད་མི་ལུ་བརྟེན་ ཤི་རྐྱེན་འབྱུང་དོ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག

མོ་གིས་འབད་བ་ཅིན་ ནད་གཞི་ག་ཅི་འཐོབ་སྟེ་འབད་རུང་ དྲག་ཚུགས་ནི་དང་ མི་ཚེ་སྲོག་སྐྱོབས་འབད་ནི་དེ་ གཙོ་བོ་ར་ སྨན་བཅོས་དང་ བཞེས་སྒོ་ཁ་བསྲུང་ལུ་ རག་ལས་ཟེར་ཨིནམ་ད་ མོ་ར་ ནད་གཞི་ཀེན་སར་ཐོབ་ཞིན་ན་ དྲུང་འཚོ་ཆ་ཁྱབ་ཀྱིས་ བསླབ་སྟོན་དང་བསྟུན་ ནད་གཞི་དྲག་ཐབས་ལུ་ གཤག་བཅོས་འབད་དེ་ ལོ་ངོ་༡༥ ལྷགཔ་ཅིག་སོང་ཡོདཔ་བཞིན་དུ་ ད་ལས་ཕར་ མོ་རའི་མི་ཚེ་ ལེགས་ཤོམ་སྐྱོང་འཐབ་ལུ་ སྨན་ཟ་མ་དགོཔ་ཨིན་རུང་ ཁ་བསྲུང་འབད་ཡི་ར་སྡོད་དོ་ཟེར་ ཨིན་པས།

གནད་དོན་དེ་ལུ་ ཀེན་སར་གཞི་ཚོགས་ཀྱི་ འགན་འཛིན་འགོ་དཔོན་གྱིས་སླབ་མིའི་ནང་ ཨམ་ལེགས་སྐྱིད་མོ་འདི་ ནད་གཞི་ཀེན་སར་ཐོབ་ཡོད་མི་ཚུ་གི་གྲལ་ལས་ མི་ཚེ་ལེགས་ཤོམ་སྐྱོང་ཚུགས་མི་དང་ ཡུན་རིངམ་སྦེ་ སྡོད་ཚུགས་མི་ཅིག་ཨིནམ་ད་ དེ་ཡང་ མོ་གིས་ ཀེན་སར་གཤག་བཅོས་འབད་དེ་ ད་རེས་ ལོ་ངོ་༡༥ ལྷག་ཙམ་སོང་རུང་ མོ་རའི་ གཟུགས་སྒྲིང་སྒྲི་སྡོད་དེ་ཡོད་ཟེར་ཨིན་པས།

ནདཔ་ལ་ལུ་ཅིག་ ལོ་ངོ་དག་པ་ཅིག་ སྡོད་ཚུགས་ཏེ་ཡོད་རུང་ ཡུན་རིང་སྡོད་མ་ཚུགས་པར་ ཤི་རྐྱེན་འབྱུང་མི་དེ་ཡང་ སྨན་བཅོས་དུས་ཚོད་ཁར་མ་འབད་བར་ཨིནམ་ད་ ནད་གཞི་ཐོབ་མི་ག་ཨིན་རུང་ སྨན་བཅོས་དང་ ནད་གཞི་དང་བསྟུན་པའི་ ཁ་བསྲུང་ཚུ་འབད་བ་ཅིན་ ནད་གཞི་ལས་ དྲག་ཚུགས་ནི་ཨིན་པས།

འདི་འབདཝ་ལས་ མི་མང་ལུ་ ནད་གཞི་དེ་གིས་ གདོང་ལེན་དང་ ཐབས་ལམ་སྟོན་ཏེ་ སྨན་བཅོས་ཚུ་འབད་བ་ཅིན་ དྲག་ཐབས་ཡོདཔ་སྦེ་ མི་ཚུ་གི་ ཧ་གོ་ཚུགསཔ་བཟོ་ཐབས་ལུ་ དམིགས་གཏད་བསྐྱེད་དེ་ འབྲུག་ཀེན་སར་གཞི་ཚོགས་ཀྱི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༣ ལུ་ མི་ཚེ་སྲོག་སྐྱོབས་ཟེར་བའི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དེ་ཡང་ མི་སེར་ཡོངས་ཀྱི་ ཀེན་སར་ནད་ཐོབ་སྟེ་ སྨན་བཅོས་འབད་བའི་བསྒང་ཡོད་མི་ཚུ་དང་ བདག་འཛིན་འབད་མི་ཚུ་དང་གཅིག་ཁར་ འཛོམས་ཞིན་ན་ ས་གནས་ ལུང་བསྟན་ཟམ་པ་ འབྲུག་ལུས་རྩལ་ཐང་ནང་སྦེ་ ལས་རིམ་བརྩི་སྲུང་འབད་ཡོདཔ་ཨིན་པས།

དེ་ཁར་ འབྲུག་ཀེན་སར་གཞི་ཚོགས་ཀྱིས་ ཁོང་རའི་ ཕམ་སྤུན་ཆ་ཚུ་ ཀེན་སར་ནད་གཞི་ལུ་བརྟེན་ ཚེ་ལས་འདས་མི་ཚུ་གི་དོན་ལུ་ སྨོན་ལམ་བཏབ་ནི་དང་ དྲན་ཚོར་འབད་ནི་ལུ་ གོ་སྐབས་བྱིན་ཡོད་པའི་གུ་ ཀེན་སར་ནད་གཞི་དེ་གིས་ མི་ལུ་ཤི་རྐྱེན་འབྱུང་ཨིནམ་སྦེ་ མནོ་བསམ་གཏང་མི་དང་ ཀེན་སར་ཐོབ་མི་ མི་ངོམ་ལུ་ མི་སྡེ་ནང་ལས་ཕར་ ཞེན་ཆགས་བསྐྱེད་དེ་ཡོད་མི་གནད་དོན་ཚུ་ མར་ཕབ་འབད་ནི་དོན་ལུ་ཨིན་པས།

ཀེན་སར་གཞི་ཚོགས་ཀྱིས་ལས་རིམ་དེ་ ཀེན་སར་ནད་གཞི་ཐོབ་མི་ མི་ངོམ་ཚུ་ལུ་ བདག་འཛིན་དང་ གཅེས་སྐྱོང་འབད་མི་ཚུ་ ངོས་འཛིན་འབད་ཚུགས་ནིའི་གོ་སྐབས་ ཐོབ་ཡོད་པའི་གུ་ ལས་རིམ་འདི་ གཅིག་ཁར་འཛོམས་ཏེ་ བརྩི་སྲུང་འབད་ནུག

འབྲུག་ཀེན་སར་གཞི་ཚོགས་ཀྱི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ ཀེན་སར་ནད་གཞི་ལས་ དྲག་ཐབས་ལུ་ རང་གི་མི་ཚེ་ལེགས་ཤོམ་ སྡོད་ཚུགསཔ་བཟོ་ཐབས་ལུ་ ནད་གཞི་དེ་ལུ་ ལོགས་སུ་སྦེ་ གདོང་ལེན་འབད་དགོཔ་ཁག་ཆེ་བའི་ཁར་ ཀེན་སར་ནད་གཞི་ མི་འཐོབ་ནིའི་དོན་ལུ་ ནད་གཞི་བརྟག་དཔྱད་ཀྱི་ ཕྱི་སེལ་རྐྱབ་ནི་དེ་ ག་ར་གི་ སེམས་ཁར་བཞག་དགོཔ་ཨིན་པས།

འདི་བཟུམ་སྦེ་ འབྲུག་ཀེན་སར་གཞི་ཚོགས་ཀྱི་ ཀེན་སར་ནད་གཞི་བཀག་ཐབས་ལུ་ ཏམ་ཁུ་འཐུང་ནིའི་སྤང་དགོཔ་དང་ ནད་གཞི་དང་འབྲེལ་བ་ཡོད་པའི་ དྲུང་འཚོ་ཚུ་དང་གཅིག་ཁར་ ནད་གཞི་དེ་གིས་སྐོར་ལས་ བསླབ་སྟོན་ལེན་ནི་ དེ་ལས་ ཀེན་སར་སྡེ་ཚན་གྱི་ཁ་ཐུག་ལས་ མི་སེར་ཚུ་ལུ་ འབད་ཐངས་ཚུ་ བཤད་བྱིན་ཞིན་ན་ རྐྱངམ་གཅིག་ རང་སོའི་མི་ཚེ་ སྲོག་སྐྱོབས་འབད་ནིའི་དོན་ལུ་ སྨན་བཅོས་དང་བརྟག་དཔྱད་འབད་ནི་གོ་སྐབས་ལེན་མི་ཡང་ འཐོན་དོ་ཡོདཔ་ཨིན་པས།

འདི་འབདཝ་ལས་ ཀེན་སར་བརྟག་དཔྱད་ཀྱི་དོན་ལུ་ ཧེ་མ་དང་ཕྱདཔ་ད་ བརྟག་དཔྱད་འབད་བར་འོང་མི་ ལེ་ཤ་གི་ ཡར་འཕར་སོང་སྟེ་ཡོདཔ་ལས་ ག་ར་འབད་རུང་ རང་གི་ གཟུགས་ཁམས་སྒྲིང་སྒྲི་བཞག་ནི་དང་ ཆང་དང་སྨྱོ་རྫས་ཀྱི་རིགས་ ཏམ་ཁུ་ལག་ལེན་འཐབ་ནི་ལས་ བཀག་འཛིན་འབད་དགོཔ་ཁག་ཆེཝ་མ་ཚད་ གཟུགས་ལུ་ཕན་པའི་ བཞེས་སྒོ་དང་ ལུས་སྦྱོང་ འབད་དགོཔ་གལ་ཆེ་བའི་སྐོར་ལས་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་དོ་ཟེར་ འབྲུག་ཀེན་སར་གཞི་ཚོགས་ཀྱི་ མི་མང་གསོ་བའི་གྲོས་སྟོན་པ་ བདེ་ཆེན་དབང་མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

 

 

 

 

 

 

 

Leave a Reply

Your email address will not be published. Required fields are marked *